དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ལ་སྐོར་གཟིགས་བྱས་པའི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པ་དང་དྲུག་པའི་སྐོར་གཟིགས་ལས་དོན་བཀོད་སྒྲིག་བྱས་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད། སྐོར་གཟིགས་གནས་ཚུལ་ལ་བལྟས་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ལས་དོན་ལ་འཕེལ་རིམ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་མོད། འོན་ཀྱང་གནད་དོན་ཡང་ཁ་ཤས་ཡོད་པས་ངེས་པར་དུ་ཆབ་སྲིད་ཀྱི་ཐོག་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཟབ་ནན་གྱིས་ཐག་གཅོད་བྱེད་དགོས། མཁྲེགས་སར་གཏུག་ཕོད་པའི་སྒོ་ནས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ། བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་གཟིགས་དག་ཐེར་གྱི་ལས་དོན་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཆབ་སྲིད་ཀྱི་ཁོར་ཡུག་གཙང་དུ་གཏོང་བ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཐོག དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གིས་ས་ཁུལ་དེ་གར་འཛིན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡོང་བར་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ།བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དངོས་འཛིན་དངོས་སྒྲུབ་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས“འགོ་གཙོ་དང་པོར”ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚད་ལྡན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོ་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་མཐའ་འཁྱོངས་བཅས་བྱས་ཏེ། ལས་བྱེད་པའི་རང་འགན་ཐེག་པ་ཁུར་ལེན་ལ་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས། རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཉེན་ཁ་སྣ་ཚོགས་ལ་འགོག་ཟོན་དང་ནུས་ལྡན་སེལ་བ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྐོར་གཟིགས་བྱས་འབྲས་ཕྱོགས་ཡོངས་ནས་བེད་སྤྱོད་ཡག་པོ་བྱས་ཏེ་སྐོར་ཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ཐུན་མོང་གི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་དང་ཐག་གཅོད་བྱས་ནས་སྒྱུར་བཅོས་ཟབ་གཏོང་དང་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།