ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྗང་མདོག་གློག་བརྟན་པོ་མཁོ་འདོན་བྱས་པ།

འདི་ནི་ཁོ་ཐེ་ཏི་ཝོར་གྱི་ཀེ་ཤིས་པོ་པོ་ལི་ཆུ་ཤུགས་གློག་ཁང་ཡིན་པ།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་ཁོ་ཐེ་ཏི་ཝོར་ས་སང་ཏེ་ལཱའི་ཆུ་བོ་འབབ་རྒྱུད་ཀྱི་སྐས་རིམ་གསར་སྤེལ་ནང་ཧུར་ཐག་ཞུགས་པ་དང་། ཆུ་ཤུགས་གློག་ཁང་གི་རྣམ་གྲངས་མང་པོ་བསྐྲུན་ནས། ས་གནས་དེ་གའི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་གློག་ཤུགས་ཀྱི་དགོས་མཁོ་བསྐངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཆུ་གློག་ལག་རྩལ་གྱི་ཤེས་ལྡན་པ་ཕུལ་བྱུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
དུས་རབས་གོང་མའི་ལོ་རབས་70པའི་དུས་ནས་ཁོ་ཐེ་ཏི་ཝོར་སྲིད་གཞུང་གིས་ས་སང་ཏེ་ལཱའི་ཆུ་བོ་འབབ་རྒྱུད་དུ་ཆུ་གློག་གསར་སྤེལ་བྱ་རྒྱུའི་བསམ་བཀོད་བཏོན་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ལས་འཆར་འགོད་དེ་ཡུན་རིང་ལག་བསྟར་བྱེད་ཐུབ་མེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་རྣམ་པ་དེར་འགྱུར་ལྡོག་བཏང་ཡོད། 2017ལོའི་ཟླ་11པར་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྲའོ་ཝ་275ཟིན་པའི་སུའུ་པུའུ་ལེ་ཆུ་ཤུགས་གློག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་ཁོ་ཐེ་ཏི་ཝོར་མི་དམངས་ཀྱི་ཡུན་རིང་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། 2018ལོར་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བའི་མཚམས་སུ། སུའུ་པུའུ་ལེ་ཆུ་ཤུགས་གློག་ཁང་དེ་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཁོ་ཐེ་ཏི་ཝོར་གྱི་དྲན་རྟེན་སྦྲག་འཛིན་ཐོག་པར་དུ་བཏབ་ཡོད། མིག་སྔའི་བར། ཆུ་ཤུགས་གློག་ཁང་དེས་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་110ལྷག་ཙམ་གྱི་གློག་བཏང་ནས་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྗང་མདོག་གི་གློག་བརྟན་པོ་མཁོ་འདོན་བྱས་ཡོད།
སུའུ་པུའུ་ལེ་ཆུ་ཤུགས་གློག་ཁང་གི་སྨད་རྒྱུད་སྤྱི་ལེ་10ཙམ་གྱི་སར། པོ་པོ་ལི་ཆུ་ཤུགས་གློག་ཁང་འཁོར་སྐྱོད་བརྟན་པོ་བྱེད་བཞིན་ཡོད་ཅིང་། པོ་པོ་ལི་ཆུ་ཤུགས་གློག་ཁང་ནི་ཀྲུང་གོའི་ཁེ་ལས་ཀྱིས་ས་སང་ཏེ་ལཱའི་ཆུ་བོ་འབབ་རྒྱུད་དུ་སྐྲུན་འགན་འཁུར་བའི་གློག་ཁང་གཉིས་པ་དེ་རེད། གློག་ཁང་ལ་བསྟུད་རྒྱུག་རྣམ་པའི་འཕྲུལ་ཚན་གསུམ་སྒྲིག་སྦྱོར་བྱས་པ་དང་འཕྲུལ་འཁོར་རྐྱང་པའི་གློག་འདོན་ཚད་ཀྲའོ་ཝ་37.63ཟིན་ཡོད། པོ་པོ་ལི་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཆེ་མོ་ཧོའུ་པིན་གྱིས་གསར་འགོད་པར། ཆུ་ཤུགས་གློག་ཁང་གིས་ལོ་ལྟར་ཁོ་ཐེ་ཏི་ཝོར་ལ་ཆུ་ཚོད་ཆན་ཝ་དུང་ཕྱུར་5.5ཙམ་ཟིན་པའི་ནུས་རྒྱུ་གཙང་མའི་གློག་བཏང་བས། ཁོ་ཐེ་ཏི་ཝོར་གྱི་མེ་གློག་གཙོ་བོར་བྱས་པའི་ནུས་རྒྱུའི་གྲུབ་ཆ་དོ་སྙོམས་ཆེན་པོ་བྱུང་བ་དང་། ཆུ་གློག་གིས་ནུས་རྒྱུའི་གྲུབ་ཆའི་ཁྲོད་བཟུང་བའི་བསྡུར་ཚད་33%མཐོ་རུ་ཕྱིན་ནས་ཁོ་ཐེ་ཏི་ཝོར་གྱི་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ཐེབས་ཡོད། ཆུ་ཤུགས་གློག་ཁང་དེས་ཁོ་ཐེ་ཏི་ཝོར་རྒྱལ་ནང་གི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་གློག་ཤུགས་ཀྱི་དགོས་མཁོ་བསྐངས་པ་མ་ཟད། ད་དུང་ཁོ་ཐེ་ཏི་ཝོར་གྱིས་མཐའ་འཁོར་རྒྱལ་ཁབ་ལ་གློག་ཕྱིར་གཏོང་བྱེད་ཚད་མང་དུ་བཏང་ནས་ཨ་ཧྥེ་རི་ཁ་ནུབ་མར་ཁོ་ཐེ་ཏི་ཝོར་གྱི་གློག་ཤུགས་ལྟེ་གནས་ཀྱི་གནས་བབ་ཀྱང་མཐོ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།