“ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་ཞིག་ཡིན”
ཀྲུང་གོ་རྒྱལ་སྤྱིའི་འཕེལ་རྒྱས་ཤེས་རིག་ལྟེ་གནས་ཀྱིས་བྲིས་པའི《2025ལོའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུ》ཉིན་ཤས་གོང་པེ་ཅིང་དུ་ཡོངས་བསྒྲགས་བྱས་པ་རེད། སྙན་ཞུ་དེའི་ནང“ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་སྣོན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འཕྲད་པའི་བརྟན་ལྷིང་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་ལ་འགྲེལ་བཤད་བརྒྱབ་ནས། གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་དང་ཞིབ་ཕྲའི་ཐབས་ལམ་བཏོན་ཡོད། ཡོངས་བསྒྲགས་ཚོགས་འདུར་ཞུགས་པའི་རྒྱལ་སྤྱིའི་མི་སྣས། 《2025ལོའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུའི》ནང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་དང་གོ་སྐབས་གལ་ཆེན་ལ་དབྱེ་ཞིབ་བྱེད་པར་དམིགས་ནས། ཐུན་མོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འཚམ་པའི་ཇུས་གཞི་འཚོལ་རྒྱུ་རེད་ཅེས་བརྗོད།
“འཛམ་གླིང་དང་ལག་གདང་སྦྲེལ་ནས་མཉེན་ཆ་ལྡན་པ་དང་ཀུན་ཕན་བསྟུན་མཁས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས”
གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུ་ཡོངས་བསྒྲགས་བྱེད་པ་ནི་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ད་ཐེངས་ནི་གཙོ་གཉེར་ཕྱོགས་ཀྱིས་ལོ་འཁོར་གྱི་སྙན་ཞུ་ཡོངས་བསྒྲགས་བྱེད་ཐེངས་བཞི་པ་དེ་རེད། 《2025ལོའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུའི》ནང་། 2024ལོར་གོ་ལ་ཧྲིལ་པོར་མཐོང་ཆུང་རང་བཞིན་གྱི་ཉོ་ཚོང་བཀག་རྒྱའི་རྣམ་གྲངས་1200ལས་བརྒལ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་དང་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་རྡབ་རྡེག་བཟོས་ཡོད། དུས་མཚུངས་སུ་ཕྱོགས་མང་ལམ་སྲོལ་གྱི་དབང་གྲགས་རང་བཞིན་དང་ཕན་ནུས་ཞན་དུ་ཕྱིན་པ་དང་ཆ་ཤས་ཀྱི་འགལ་རྐྱེན་ནར་འགྱངས་སོང་ནས། འཛམ་གླིང་ལ་ནགས་ཚལ་གྱི་ཆོས་ཉིད་དུ་ཕྱིར་ལོག་བྱེད་པའི་ཉེན་ཁ་འཕྲད་ཡོད།
རྒྱ་གར་གྱི“ཨེ་ཤེ་ཡ་ལྷོ་མའི་གླེང་སྟེགས་གསར་པ”གཏོད་མཁན་སུའུ་ཐིང་ཏེ་ལ·ཁུར་ཁཱ་ཉི་ཡིས། སྙན་ཞུ་དེས་འཛམ་གླིང་གི་མི་རྣམས་ལ་དེང་སྐབས་འཛམ་གླིང་ཐོག་དམག་འཁྲུག་དང་གདོང་ཐུག་ཡང་ཡང་ཐོན་ནས། དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་གནད་དོན་སྔར་བཞིན་འཛམ་གླིང་གི་ས་ཆ་གང་སར་ཁྱབ་ཡོད་པས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ལ་འགྲན་སློང་གསར་པ་འཕྲད་བཞིན་ཡོད་པ་འགྲེལ་བཤད་གསལ་པོར་བྱས་ཡོད། “དེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་གལ་ཆེའི་རང་བཞིན་དེ་བས་མངོན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་ཞིག་ཡིན་པས། འཛམ་གླིང་དང་ལག་གདང་སྦྲེལ་ནས་མཉེན་ཆ་ལྡན་པ་དང་ཀུན་ཕན་བསྟུན་མཁས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་ཀྱི་ཡོད”ཅེས་བརྗོད།
“བྱ་སྤྱོད་དངོས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བར་རོགས་རམ་བྱེད་དགོས”
《2025ལོའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུའི》ནང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཀྱི་སྐལ་གྲངས་དུས་རབས་གོང་མའི་ལོ་རབས་80པའི་25%ཙམ་ནས་2024ལོའི་40%ལྷག་ཙམ་བར་འཕར་ཡོད། 2000ལོ་ནས་བཟུང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་དངོས་ཟོག་ཉོ་ཚོང་གྲངས་འབོར་གྱིས་གོ་ལ་ཧྲིལ་པོར་བཟུང་བའི་བསྡུར་ཚད་དེ་སྔོན་གྱི་30%ནས་45%བར་མཐོ་རུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་འདི་ཉིད་ཉིན་རེ་བཞིན་འཛམ་གླིང་གི་དཔལ་འབྱོར་ཚོང་དོན་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཁྲོད་སྔར་ལས་ལྷག་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅེས་བཏོན་ཡོད།
ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཟུར་པ་དམིགས་བསལ་བློ་འདྲི་བ་ཨར་ཁཱ་པེ·ཨའོ་ཁེ་པེས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཚོགས་སྤྱིའི་རང་བཞིན་དར་རྒྱས་བྱུང་བ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་བཅོས་སྐྱོང་གི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བར་སྟོབས་ཤུགས་སྐྱེས་སུ་ཕུལ་བ་དང་། ཀྲུང་གོས་དེའི་ནང་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་པའི་ངོས་འཛིན་བྱས་པ་དང་། ཁོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བར་ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བར་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱས་ཡོད། “ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཐུན་མོང་དུ་ཡར་རྒྱས་འགྲོ་བའི་མཉམ་སྐྱོད་པ་ཞིག་ཡིན”ཞེས་དཔེ་བཞག་ནས་བརྗོད།
སྙན་ཞུའི་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འགན་འཁྲི་འཁུར་དགོས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ། ལྷོ་བྱང་ཕྱོགས་གཉིས་ཀྱིས་ཕྱོགས་མཐུན་མདུན་སྐྱོད་བཅས་བྱས་ཏེ། མཐུན་སྒྲིལ་དང་། འདྲ་མཉམ། དོ་སྙོམས། ཀུན་ཕན་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་མཉམ་དུ་འཛུགས་དགོས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་ལེགས་ཆ་གསབ་རེས་ཀྱི་རྩ་དོན་ལ་གཞིགས་ཏེ་ཚོང་དོན་མ་འཇོག་གི་མཉམ་ལས་བར་མཐོངས་རྒྱ་སྐྱེད་གཏོང་བ་དང་། ལག་རྩལ་གཞན་སྒྱུར་དང་ཤེས་རིག་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གསར་སྤེལ་རང་བཞིན་གྱི་དངུལ་རྩའི་འདུ་ཤེས་ལག་བསྟར་བྱེད་པ། བཟོ་སྐྲུན་ལས་རིགས་དང་། ལྗང་མདོག་ཐཱན་ཉུང་། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མ་འཇོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས་པའི་རེ་འབོད་བྱས་ཡོད།
“ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་སྒོ་དབྱེ་དང་། དྲང་གཞག དྲང་བདེན། མཐོང་ཆུང་མིན་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་དགོས”
ཉེ་བའི་ལོ་ཤས་རིང་། མི་ཐབས་རིག་ནུས་ཀྱིས་མཚོན་བྱེད་དུ་བྱས་པའི་གྲངས་འཛིན་ལག་རྩལ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས། གོ་ལ་ཧྲིལ་པོའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་འགྱུར་ལྡོག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་ལག་རྩལ་གྱི་ཁེ་སྤོགས་བགོ་བཤའ་མི་སྙོམས་པའི་གནད་དོན་ཡང་རིམ་བཞིན་མངོན་ནས་ཉིན་རེ་བཞིན་རྒྱ་ཆེ་རུ་འགྲོ་བའི་གྲངས་འཛིན་གྱི་འགལ་རྐྱེན་ཆེན་པོ་དེ་གོ་ལ་ཧྲིལ་པོའི་སྤྱི་ཚོགས་དྲང་བཞག་དང་བསྟུན་མཁས་ངང་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་བཟོ་བའི་འགག་རྩའི་རྒྱུ་རྐྱེན་དུ་གྱུར་བཞིན་ཡོད། 《2025ལོའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུའི》ནང་གོ་ལ་ཧྲིལ་པོས་གྲངས་རིག་ཅན་གྱི་གོ་སྐབས་སྟངས་འཛིན་ཡག་པོ་བྱས་ཏེ་ལག་རྩལ་མཉམ་སྤྱོད་དང་ཀུན་ཕན་ལ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གོ་ལ་ཧྲིལ་པོའི་གྲངས་འཛིན་སྒྲིག་སྲོལ་བཟོ་བའི་ནང་ཞུགས་པར་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་ཞུགས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། གྲངས་འཛིན་གྱི་འགལ་རྐྱེན་ཆེན་པོ་སེལ་བར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
ཏཱ་ཤིར་ཝས། ཉེ་བའི་ལོ་ཤས་རིང་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་ནས་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བར་པར་ཙིར་གྱིས་ཀྲུང་གོ་དང་གྲངས་འཛིན་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། པར་ཙིར་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རམ་འདེགས་བྱེད་བཞིན་ཡོད། “མི་ཐབས་རིག་ནུས་སོགས་གྲངས་འཛིན་ལག་རྩལ་གྱིས་གོ་ལ་ཧྲིལ་པོའི་གནས་བབ་བསྐྱར་བཟོ་བྱེད་བཞིན་ཡོད་མོད། འོན་ཀྱང་གྲངས་འཛིན་གྱི་འགལ་རྐྱེན་ཆེན་པོ་སྔར་བཞིན་གནས་ཡོད་པས། རྒྱལ་ཁབ་ཚང་མ་འདྲ་མཉམ་ངང་འཕེལ་རིམ་དེའི་ནང་ཞུགས་ཐུབ་པ་ཞིག་མིན། འཛམ་གླིང་ལ་ཀྲུང་གོ་དང་འདྲ་བའི་འགན་འཁྲི་ཧུར་ཐག་འཁུར་ཕོད་མཁན་དང་སྣེ་ཁྲིད་མདུན་སྐྱོད་བྱེད་མཁན་གྱི་འཇོན་ཐང་ཆེ་བའི་རྒྱལ་ཁབ་ཆེན་པོ་དེ་བས་མང་བ་མཁོ་ཡི་ཡོད”
ཨའོ་ཁེ་པེས་འཚོལ་ཞིབ་ཟབ་མོ་ཚབ་མཚོན་དུ་བྱས་པའི་ཀྲུང་གོའི་ཁེ་ལས་འབབ་བཟོའི་དཔེ་དབྱིབས་སུ་བཏོད་པ་དེ་ཐོག་ནས་ཀྲུང་གོས་སྔར་བས་སྒོ་དབྱེའི་ཉམས་འགྱུར་ཐོག་ནས་རྒྱལ་ཁབ་ཁག་དང་ཚན་རྩལ་གསར་གཏོད་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་མངོན་པའི་ངོས་འཛིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།