དབུ་ཤོག
  • སྐད་གྲགས་ཆེ་བའི་རྐྱང་ཐང་ན་ཁ་གང་དུ་ཡོད་པ་ཁྱེད་ཀྱིས་ཤེས་སམ།

  • ཡོང་ཁུངས།  གྲོང་ཁྱེར་ལྷ་སའི་ས་མིང་ལོ་རྒྱུས་མདོར་བསྡུས།   |     སྤེལ་དུས།  2025-11-26

    རྐྱང་ཐང་ན་ཁ།

    གནས་ཡུལ། ལྷ་ས་གྲོང་ཁྱེར་རྙིང་པའི་ནུབ་བྱང་ངོས་སུ་གནས།

    གོ་དོན། རྐྱང་སོགས་རི་དྭགས་འཚོ་སྡོད་བྱེད་སའི་སྤང་ཐང་གི་དོན།

    འབྱུང་ཁུངས། གྲོང་ཁྱེར་མ་ཆགས་པའི་སྔོན་དུ་གནས་འདི་རྩྭ་ཆུ་འཛོམས་ཤིང་རི་དྭགས་རྐྱང་སོགས་རང་དགར་འཚོ་སྡོད་བྱེད་སའི་ན་ཁ་ཡིན་པས་མིང་དེ་ལྟར་ཐོགས།

    འཕེལ་འགྱུར། དུས་རབས་བདུན་པའི་གོང་དུ་ལྷ་སའི་ཁུལ་འདིར་སྐྱིད་ཤོད་འོ་ཐང་ཟེར་བ་ལྟར་རི་དྭགས་ཅི་དགར་རོལ་ཞིང་ཡིད་དབང་འཕྲོག་པའི་སེམས་ཅན་འཚོ་སའི་རྩྭ་ཐང་རྒྱ་ཆེན་པོ་ཞིག་ཡིན།

    སྲོང་བཙན་སྒམ་པོའི་དུས་ནས་བཟུང་ལྷ་སའི་གྲོང་དུ་ཕོ་བྲང་དང་། དགོན་པ། གྲོང་མིའི་སྡོད་གནས་སོགས་རིམ་བཞིན་སྐྲུན་མོད། རྐྱང་ཐང་ན་ཁ་ལ་སྔ་ཕྱི་བར་གསུམ་དུ་གཏོར་བཤིག་གང་ཡང་ཕོག་མེད་པས་ཆེད་སྤྱོད་ཀྱི་རྩྭ་རའི་རྣམ་པར་གནས་ཡོད། འོན་ཀྱང་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་གཡས་གཡོན་དུ་རྐྱང་ཐང་ན་ཁ་ནས་སྤང་སྔོག་ཅིང་ཞིང་ཁ་བཟོས་པ་སོགས་བྱས་པས། འདམ་རའི་རྒྱ་ཁྱོན་ཇེ་ཆུང་དུ་སོང་བ་དང་། དེའི་རྗེས་སུའང་ལས་ཁུངས་དང་མི་སྒེར་གྱི་ཁང་པ་རྒྱག་པ། ཚལ་ཞིང་བཟོ་བ་སོགས་བྱས་པས་མུ་མཐུད་རྒྱ་ཁྱོན་ཆུང་དུ་སོང་ཡོད། 1999ལོར་རྐྱང་ཐང་ན་ཁ་འདི་ཉིད་བོད་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏན་འཁེལ་གནང་བ་དང་བསྟུན་དོ་དམ་སྲོལ་ཡིག་སོགས་འཐུས་ཚང་བཟོས་ནས་རྐྱང་ཐང་ན་ཁའི་སྟེང་དང་མཐའ་སྐོར་ནས་བྱེ་མ་འདོན་པ་དང་། རྡོ་གཤག་པ། ཉ་འཛིན་པ། རྩྭ་བྲེག་པ། སྤང་སྔོག་པ་སོགས་གཏན་འགོག་བྱས་པས་འདམ་རའི་འབྱུང་ཁམས་སྲུང་སྐྱོང་ཐད་ནུས་པ་ཆེན་པོ་ཐོན་ཡོད། 2005ལོར་གནས་འདི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཚུད་ཡོད། རྐྱང་ཐང་ན་ཁ་ནི་ལྷ་ཀླུའི་གཞིས་ཀ་དང་ཉེ་བའི་སར་གནས་པས་དེང་གི་དུས་སུ་ལྷ་ཀླུའི་འདམ་ར་ཞེས་འབོད་ཀྱི་ཡོད། རྐྱང་ཐང་ན་ཁ་ཞེས་འབོད་ན་ལོ་རྒྱུས་ཀྱི་ཁུངས་ཡོད་ཅིང་དེ་བས་འཚམ་པ་འདུག་སྙམ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།