དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲེ་ཅང་དང་མཚོ་སྔོན་གྱིས་མཉམ་ལས་བྱས་ནས་ས་མཐོའི་ཞིང་འབྲོག་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཚོང་བྱེད་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-26

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། 2025ལོའི་ཀྲེ་ཅང་ཞིང་ལས་འགྲེམས་ཚོགས་ཀྱི་ཁྱད་ལྡན་བྱེད་སྒོ་སྟེ། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་ཧང་ཀྲོའུ་ཡི་འོས་སྦྱོར་ཚོགས་འདུ་དང་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་གྱི“མྱོང་དཔྱད”བྱེད་སྒོ་ཧང་ཀྲོའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་སྤེལ་བ་རེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་། ཀྲེ་ཅང་ཞིང་ཆེན་མཚོ་སྐྱོར་བཀོད་འདོམས་པུའུ། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ད་ཐེངས་ཀྱི་བྱེད་སྒོ་ནི“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་སྤུས་རྟགས་གཏོད་འགོ་བཙུགས་ཚུན་ཧང་ཀྲོའུ་རུ་སྤེལ་ཐེངས་དང་པོ་རེད་ལ། མཚོ་སྐྱོར་སྤུན་ཟླའི་ཞིང་ཆེན་དང་མཉམ་དུ་འོས་སྦྱོར་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཀྱང་རེད།

    མཚོ་སྔོན་གྱི་ཚོང་དོན་ཁྱབ་ཁོངས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པའི་བྱེད་སྒོ་འདིས། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་། འཛད་སྤྱོད་རིམ་སྤོར་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་འཐབ་ཇུས་ཀྱི་ལས་སྟེགས་བསྐྲུན་ཡོད། དེ་དང་ཆབས་ཅིག་ཀྲེ་ཅང་གི་མཚོ་སྐྱོར་ལས་དོན་གྱིས་ས་ཁོངས་ཀྱི་ཚད་བཀག་ལས་བརྒལ་ནས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཚུགས་གནས་མཐོ་པོས་ཞབས་འདེགས་ཞུ་བ་དང་། མཚོ་སྔོན་གྱི་བཟའ་བཏུང་སྤུས་རྟགས་རྒྱལ་ཡོངས་ཕྱོགས་སུ་སྐྱོད་པར་འགག་རྩའི་གོམ་སྟབས་སྤོ་རྒྱུར་སྐུལ་འདེད་བཏང་ནས། ཤར་ནུབ་མཉམ་ལས་ལ་ནང་དོན་དང་གསོན་ཤུགས་གསར་རྐྱང་བསྣན་པ་མཚོན་གྱི་ཡོད།

    བྱེད་སྒོ་དེ་འོས་སྦྱོར་དང་མྱོང་དཔྱད་ཁག་ཆེན་པོ་གཉིས་ལ་ཕྱེ་ནས་སྤེལ་ཏེ་འབྲི་ཆུའི་ཟུར་གསུམ་གླིང་གི་ཁྲོམ་རའི་དགོས་མཁོར་གནད་ལ་འཁེལ་པོས་བསྟུན་ཡོད། འོས་སྦྱོར་བརྒྱུད་རིམ་ནང་ཤང་ཀང་དང་པེ་ཅིང་སོགས་རྩེར་སོན་ཁྲོམ་རར་མཚོ་སྔོན་གྱི་ལྗང་མདོག་བཟའ་བཅའ་བྲིན་ཚོང་བྱས་པའི་དཔེ་མཚོན་མཉམ་སྤྱོད་བྱས་པ་དང་། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”དེ་བཟའ་བཏུང་ཐོན་རྫས་རྐྱང་པ་ནས་ཐོན་ལས་སྣ་མང་མཉམ་འདྲེས་བར་གྱི་འཕེལ་རྒྱས་ཀྱི་འཆར་གཞི་བརྒྱུད་རིམ་ལྡན་པའི་སྒོ་ནས་བསྟན་པ། “ས་མཐོའི་སྐྱེ་ཁམས་བཟའ་བཅའ་དང་ས་ཁོངས་ཀྱི་རིག་གནས་མཚོན་རྟགས”ཀྱི་སྤུས་རྟགས་ནང་དོན་འགྲེལ་བཤད་གཏིང་ཟབ་བརྒྱབ་པ། “མཚོ་སྔོན་རྟགས་ཅན”ཐོན་རྫས་ཀྱི་རྒྱལ་སྤྱིའི་སྤུས་ཚད་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཐད་ཀར་ར་སྤྲོད་བཅས་བྱས་ཏེ། ས་མཐོའི་ལྗང་མདོག་བཟའ་བཅའ་འབྲི་ཆུའི་ཟུར་གསུམ་གླིང་གི་ཁྲོམ་རར་འདོན་རྒྱུར་ཐབས་ལམ་བཏོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ངོ་བོའི་རང་བཞིན་གྱི་མཉམ་ལས་གྲུབ་འབྲས་ཐོབ་པ་སྟེ། ས་གནས་ས་ཐོག་ཏུ་ཀྲེ་ཅང་དང་མཚོ་སྔོན་གྱི་ཐོན་ལས་མཉམ་ལས་རྣམ་གྲངས་15ལ་མིང་རྟགས་བཀོད་པའི་ནང་ཚན་རིག་ཞིབ་འཇུག་མཉམ་ལས་དང་། ལས་སྣོན་ཞིབ་ཚགས། གྲང་ཕྲེང་ཟོག་འགྲུལ། སྤུས་རྟགས་ཚོང་གཉེར་སོགས་ཁྱབ་ཁོངས་ཚུད་པ་དང་མཉམ་ལས་ཀྱི་དངུལ་གྲངས་སྒོར་དུང་ཕྱུར་2.565ཟིན་ཡོད། བྱེད་སྒོ་སྤེལ་རིང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ད་དུང་བཟའ་བཏུང་ཁེ་ལས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་ཧང་པང་ཚའེ་རྟེན་མཛོད་ཁང་དུ་རྟོག་ཞིབ་བྱས་པ་དང་ཧང་ཀྲོའུ་དབྱིན་ཀོན་སོ་ཧྥེ་ཐེ་གསོལ་མགྲོན་ཁང་དང་། ཀྲོའུ་ཅི་གསོལ་མགྲོན་ཁང་། ས་གནས་དེ་གའི་མཚོ་སྔོན་གྱི་ཟ་ཁང་བཅས་སུ་འཚམས་འདྲིར་བསྐྱོད་དེ། ཚད་བསྡུར་སློབ་སྦྱོང་བྱས་པ་བརྒྱུད། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་བཟོ་རྩལ་ཚད་གཞི་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།