དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ནས་ཆང་མངར་སིལ་ལྡན། ཐོན་ལས་གོང་དུ་འཕེལ།

    —— ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་གཙོ་གནད་ཐོན་ལས་རྣམ་གྲངས་ཀྱི་ཐོན་སྐྱེད་དང་ཡུལ་སྐོར་མཉམ་འདྲེས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-26

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གནང་ར་ཨ་རག་བཟོ་གྲྭའི་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་ཡུལ་དུ། སྤྱིར་ན་ལེགས་གྲུབ་ཟིན་པའི་ཆང་སྙོལ་ས་དང་ཐུམ་སྒྲིལ་འཁོར་ཁང་ལས་འབྱུང་འགྱུར་བཟོ་ཁང་བརྟན་པོའི་ངང་ལས་གཉེར་བྱེད་པའི་རྣམ་པ་ཞིག་མངོན་བཞིན་ཡོད།

    ཅང་སུའུ་ཡི་བོད་སྐྱོར་གཙོ་གནད་ཐོན་ལས་རྣམ་གྲངས་ཤིག་ཡིན་པའི་གནང་ར་ཨ་རག་བཟོ་གྲྭ་དེ་ཉང་ཆུ་མ་རྐང་ཀུང་སིས་ཚོད་འཛིན་བྱས་པའི་ཐོག སའི་གོ་ལའི་སྣེ་གསུམ་པ་དང་ལྷ་སའི་ས་གཙང་སོགས་ཁེ་ལས་ཀྱིས་མཉམ་དུ་བསྐྲུན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་10བཏང་བ་དང་འཆར་འགོད་ས་ཆ་བཟུང་ཚད་མུའུ་167ཟིན་གྱི་ཡོད། རྣམ་གྲངས་དེ་འགོ་ཚུགས་པ་ནས་བཟུང་། ཐོན་ལས་ལ་བརྟེན་ནས་བོད་སྐྱོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲི་ཁུར་ཡོད་ལ། འཛུགས་སྐྲུན་བྱེད་རིང་། ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་བརྒྱ་ལྷག་ཙམ་ཞོར་གཏོགས་ཨར་ལས་ནང་ཞུགས་པ་མ་ཟད། ནས་ལས་སྣོན་ཞིབ་ཚགས་དང་། ཨ་རག་དཀར་པོ་བསྙལ་སྟངས་སྟོབས་ཆེར་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཡོང་བ་བཅས་བྱས་པ་བརྒྱུད་གྲོང་གསེབ་ཐོན་ལས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

    བོད་ལྗོངས་སའི་གོ་ལའི་སྣེ་གསུམ་པའི་ཆང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའུ་ཆི་ཀང་གིས“མིག་སྔར་ཀུང་སིས་ལས་མི་26བསྡུས་པའི་ནང་ས་གནས་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་23ཡོད་པ་ནི་རྣམ་གྲངས་དེ་བོད་དུ་གཞིས་ཚུགས་ནས་དམངས་ལ་ཕན་པ་ཐོབ་པར་བྱ་ཆེད་ཡིན”ཞེས་ངོ་སྤྲོད་བྱས། རྣམ་གྲངས་དེ་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལོ་རེར་ཨ་རག་ཏུན་5000དང་། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་10 ལས་ཞུགས་ལས་གནས་500གསར་འཕར་བཅས་བྱུང་ནས་འདེབས་འཛུགས་དང་། ལས་སྣོན། ཡུལ་སྐོར་སོགས་ལས་རིགས་མང་པོ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་རྣམ་གྲངས་དེས་བདེ་འཇགས་དང་སྐྱེ་ཁམས་ཀྱི་མཐའ་ཚད་ནན་པོ་ཐོག་མཐའ་བར་གསུམ་དུ་བསྲུང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཨར་ལས་རུ་ཁག་ཁག་གིས་ཆེད་བསྐོས་བདེ་འཇགས་པ་བཀོད་སྒྲིག་བྱས་ནས་གཟའ་འཁོར་རེར་མཐོ་འཛེག་ལས་སྒྲུབ་དང་སྒྲིག་ཆས་བཀོལ་སྤྱོད་སོགས་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ་ད་བར“དོན་རྐྱེན་ཅི་ཡང་བྱུང་མེད་ཚུལ”མཐའ་འཁྱོངས་བྱས་པ་མ་ཟད། བཟོ་པའི་ཉལ་ཁང་ཚང་མར་ཉི་ནུས་ཀྱི་ཆུ་ཚ་པོ་བཟོ་བའི་མ་ལག་སྤྱད་པ་དང་བཙོག་ཆུ་གཙང་སེལ་གྱི་ས་ཚིགས་བསྐྲུན་ནས་བཙོག་ཆུ་འབུད་ཚད་ཚད་ལོན་ཡོང་བར་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་དང་ས་མཐོའི་སྐྱེ་ཁམས་ཞི་མཐུན་མཉམ་གནས་ཡོང་བར་གཞོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།