ཧུའུ་ནན་གཡོད་དབྱང་བོད་སྐྱོར་གྱིས་ཟངས་རི་རྫོང་གི་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
ཟླ་བ་བཅུ་གཅིག་པར་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ཕག་གྲུའི་རྒུན་འབྲུམ་རྟེན་གཞིར་ཐོ་རེངས་ཀྱི་དུས་སུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་2བར་ཆག་རུང་། རྒུན་འབྲུམ་ལྡུམ་རའི་ནང་ལས་མི་ཚོས་དུས་ཚོད་དམ་འཛིན་གྱིས་རྒུན་འབྲུམ་འཐུ་བར་བྲེལ་བཞིན་ཡོད། “ཆུ་ཚོད་གཉིས་ཀྱི་ནང་ཚུན་དུ་རྒུན་འབྲུམ་ཚང་མ་བཏུས་ནས་སྙོལ་ཚར་བ་བྱེད་དགོས”ཞེས་རྒུན་ཆང་གཞིས་ཀའི་འགན་འཁུར་བ་ཀྲང་ཁྲུན་དབྱང་གིས་གསར་འགོད་པར་བཤད།
ད་ཆ་རྒུན་འབྲུམ་རྟེན་གཞི་མུའུ་ཁྲིའི་གཞི་ཁྱོན་དུ་འཕེལ་རྒྱས་ཕྱིན་ནས་སྔོན་དཔག་བྱས་ན་ད་ལོར་ཐོན་འབབ་ཏུན་1200ཐོན་རྒྱུ་དང་རྒུན་ཆང་ཤེལ་དམ་ཁྲི་20སྙོལ་ཐུབ་རྒྱུ་མ་ཟད། ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ལས་བརྒལ་རེ་ཡོད་པ་རེད། རྒུན་ཆང་གཞིས་ཀའི་ཡོང་འབབ་རྩིས་ཐོ་ནས་རྟེན་གཞི་དེའི་གསོན་ཤུགས་ཆེན་པོ་མངོན་བཞིན་ཡོད།
ཐོན་ལས་ཀྱི་རྣམ་པ་རགས་ཙམ་ཆགས་ཤིང་། གོམ་སྟབས་རྗེས་མར་ཇི་ལྟར་བྱས་ཏེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱེད་དགོས་མིན་ཐད། ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་གཅིག་པས་གནད་དོན་དེར་དམིགས་ནས། ཕག་གྲུའི་རྒུན་ཆང་གཞིས་ཀ་སོགས་ཐོན་ལས་ཀྱི་འཐབ་ས་དང་པོར་བསྐྱོད་ནས་བརྟག་ཞིབ་ལས་དོན་སྤེལ་བ་རེད།
བརྟག་ཞིབ་ཚོགས་ཆུང་དང་ས་གནས་དེ་གའི་ལས་བྱེད་པ་དང་ཁེ་ལས་ཀྱི་འགན་འཁུར་བས་མཉམ་དུ་སྤེལ་རེས་བྱས་ཏེ་ཚང་མའི་བསམ་འཆར་ནན་ཏན་ངང་ཉན་པ་དང་། གནས་ཚུལ་དངོས་ལ་བློ་འདྲི་ཞིབ་ཚགས་བྱས་ནས། གསར་ཤོས་དང་ཆེས་དོན་དངོས་ཀྱི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཡོད།
ཟངས་རིའི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆའི་སྐོར་གླེང་སྐབས། བརྟག་ཞིབ་ཚོགས་ཆུང་གིས་ཁ་རི་ཁ་ཐུག་གིས་གནད་དོན་ལ་དམིགས་ནས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བྱེད་ཐབས་སྐོར་ལ་གྲོས་བསྡུར་བྱས་ཤིང་། “ང་ཚོས་རྒུན་འབྲུམ་འཐུ་འཐོག་གླིང་བསྐྲུན་པ་ཙམ་མིན་པར། ཐོན་སྐྱེད་དང་། སྤྲོ་གསེང་། ལྟ་སྐོར། རིག་གནས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་མ་ལག་ཅིག་སྐྲུན་དགོས”ད་དུང་དེ་གའི་རྒུན་འབྲུམ་ཐོན་ལས་དང་ཕག་གྲུའི་རིག་གནས་ཟུང་འབྲེལ་བྱས་ཏེ་ཕག་གྲུའི་གཏམ་རྒྱུད་ཡག་པོ་བཤད་ནས། ཡུལ་སྐོར་བ་རྣམས་འདི་གར་ཡོང་རིན་ཡོད་པ་བྱེད་དགོས”ལ་སོགས་བཞུགས་མོལ་ཚོགས་འདུའི་ཐོག་ཚང་མས་རང་ཉིད་ཀྱི་བསམ་འཆར་བཤད་པས་བསམ་ཚུལ་སྣ་ཚོགས་སྤེལ་རེས་བྱས་སྟབས་བསམ་ཕྱོགས་ཀྱང་ཇེ་ཡངས་སུ་སོང་ཡོད། གསར་གཏོད་ལྡན་པ་དང་དོན་འཁྱོལ་ཐུབ་པའི་བསམ་འཆར་རེ་རེ་བཞིན་གྱིས་ཟངས་རིའི་རྒུན་འབྲུམ་ཐོན་ལས་ཀྱི་འབྱུང་འགྱུར་ལ་འཆར་གཞི་བཏིང་ཡོད།
བོད་སྐྱོར་ལས་བྱེད་པ་དང་། ཟངས་རི་རྫོང་ཨུད་ཀྱི་རྒྱུན་ཨུ། རྫོང་དཔོན་གཞོན་པ་བཅས་ཡིན་པའི་དབྱང་ཀྲེང་གིས། སླད་ཕྱིན་ཟངས་རི་རྫོང་གི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས། ཞིང་ལས་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཐད་ཀྱི་གཡོད་དབྱང་གི་སྔོན་ཐོན་འདུ་ཤེས་དང་འཐུས་སྒོ་ཚང་བའི་བྱེད་སྟངས་ནང་འདྲེན་ཧུར་ཐག་བྱེད་པ་དང་། ཐོན་རྫས་ཀྱི་སྤུས་ཀ་ལེགས་གཏོང་དང་། རིག་གནས་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ས་ཁོངས་ཀྱི་སྤུས་རྟགས་གཏོད་པ་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ། ཟངས་རི་རྫོང་དུ“རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པའི”འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།