དབུ་ཤོག
  • འོལ་ཁ་ཆུ་ཚན་ལ་ཕེབས་ན། དུས་སང་ནས་སྡོད་ས་མི་རག་པ་བྱེད་པ་མི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-11-25

    དགུན་ཟླ་ར་བར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་འོལ་ཁ་དེང་རབས་ཐང་ཆེན་རྣམ་གྲངས་བསྐྲུན་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད།

    “ཁང་པའི་ཐོག་བཀབ་ཟིན་པ་དང་སྤྱིའི་ལས་རིམ་ལེགས་གྲུབ་བྱུང་ཚད་60%ཙམ་ཟིན་ནས་སྔོན་དཔག་ལྟར་ན་ཕྱི་ལོའི་ཟླ་5པར་གཉེར་སྐྱོང་ཐུབ་བཟོ་ཡོད། ཁང་པ་བསྐྲུན་རྗེས་གསོལ་མགྲོན་ཁང་དུ་ཁང་མིག་65མང་དུ་འགྲོ་རྒྱུ་ཡིན་པས་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཁང་པ་རག་དཀའ་བའི་གནད་དོན་ཞི་ལྷོད་ནུས་ལྡན་དུ་འགྲོ་རྒྱུ་རེད”ཅེས་ཟངས་རི་རྫོང་རྫིང་ཕྱི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཐའོ་ཡིས་གདེང་ཚོད་ཆེན་པོས་བཤད།

    མཐའ་བཞི་གངས་རིས་བསྐོར་བའི་ཐུན་མིན་གྱི་མཛེས་ལྗོངས་ལས་ཞོལ་པ་གྲོང་ཚོ་དེ་ཉིད་བོད་ལྗོངས་ཤར་ལྷོའི་ཆུ་ཚན་རྒྱག་ས་གྲགས་ཅན་ཞིག་ཏུ་གྱུར་ཡོད།

    རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་རིམ་སྤོར་བྱུང་བ་དང་ཆབས་ཅིག་འཕེལ་རྒྱས་ཀྱི་དཀའ་གནད་ཉིན་བཞིན་མངོན་གསལ་དོད་དུ་སོང་ཞིང་། “ཡུལ་སྐོར་བྱེད་མང་བའི་དུས་སུ་ཉིན་རེར་ཡུལ་སྐོར་བ་མི་ཐེངས་9000ལས་བརྒལ་གྱི་ཡོད། ཡིན་ནའང་གྲོང་ཚོར་ཉལ་ཁྲི་600ལྷག་ཙམ་དང་། བཟའ་བཏུང་རོལ་རྩེད་ཀྱི་ལྷན་སྦྱར་སྒྲིག་བཀོད་ཆ་ཚང་པོ་མེད་པ། དེ་བཞིན་རླངས་འཁོར་འཇོག་ས་དང་གསང་སྤྱོད་འདང་གི་མེད”ཅེས་ཀའོ་ཐའོ་ཡིས་སྦ་གསང་མེད་པའི་ངང་རགས་ལས་རྣམ་པའི་གཉེར་སྐྱོང་བྱེད་སྟངས་ཀྱི་ཞན་ཆ་བཏོན་ནས་བཤད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རིག་གནས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་དགོས་ཞེས་བསྟན་ཡོད། དེ་ལས་ཟངས་རི་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུར་ཁ་ཕྱོགས་བསྟན་ཡོད་ལ། ཟངས་རི་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་མུ་མཐུད་སྟོབས་ཆེར་གཏོང་བའི་ཆོད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད།

    ཚང་འཛོམས་གྲོས་ཚོགས་དགོངས་དོན་གྱི་མཛུབ་ཁྲིད་འོག་ཞོལ་པ་གྲོང་ཚོའི་མུའུ་29.5ཡི་འཕེལ་རྒྱས་འཆར་འགོད་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད།

    དེ་དང་ཆབས་ཅིག་རྫིང་ཕྱི་ཤང་ནས་རྒྱུག་པའི་རྫིང་ཆུའི་འགྲམ་ངོགས་ཀྱི་དམངས་སྲོལ་གནས་ཚང་རྙིང་པར་ཡང་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཧུའུ་ནན་ཞིང་ཆེན་གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་འོག་གསར་དུ་སྐྲུན་པའི་ཆུ་ཚན་ལུས་གསོའི་ལྟེ་གནས་ཀྱིས“ཆུ་ཚན་དང་བོད་ཀྱི་གསོ་བ་རིག་པའི་ལུས་གསོ”ཟུང་འབྲེལ་རྣམ་པ་གཙོ་བོར་བྱས་ནས། བོད་སྨན་གྱི་སྨན་བཅོས་དང་སྨན་ལུམས། བོད་ལུགས་ཀྱི་བྱུགས་པ་སོགས་ཁྱད་ལྡན་རྣམ་གྲངས་ནང་འདྲེན་བྱས་ཏེ་ཡུལ་སྐོར་བར་ལུས་སེམས་གཉིས་ཀ་གསོ་ས་ཡོད་པར་བྱས་ཡོད།

    “ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ། ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་འོལ་ཁ་ཆུ་ཚན་དེ་ཉིད་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་གཏོད་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད། ཟངས་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་སྐྱེད་སྲིང་བྱས་ཏེ། ཆུ་ཚན་དེ་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཡོངསྒོར་འགྱུར་བར་བྱ་རྒྱུ་ཡིན”ཞེས་ཟངས་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་དཔལ་ལྡན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།