ཕྲུ་གུ་དམར་འབྱར་ལ་སྨན་བཅོས་འགན་བཅོལ་གྱི་དངུལ་སྐྱེལ་དགོས་མི་འདུག
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ། རང་ལྗོངས་ཀྱིས་ཕྲུ་གུ་དམར་འབྱར་རིན་མེད་ངང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་ཐང་ལ་འགན་ལེན་བརྟན་པོ་བྱས་ཡོད།
དེ་གོང་ཕྲུ་གུ་དམར་འབྱར་སྨན་བཅོས་འགན་བཅོལ་ནང་ཞུགས་སྐབས། ཁྱིམ་ཚང་གིས་མི་སྒེར་གྱི་གྲོན་དངུལ་གྱི་ཆ་ཤས་སྤྲོད་དགོས་པས། ཁྱིམ་ཚང་ཁག་གཅིག་ལ་དཔལ་འབྱོར་གྱི་གནོན་ཤུགས་ངེས་ཅན་འཕྲད་ཀྱི་ཡོད། ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ནས། ཕྲུ་གུ་དམར་འབྱར་མི་རེ་ངོ་རེར་དུས་ཐོག་ཏུ་སྨན་བཅོས་ཀྱི་འགན་སྲུང་ཐུབ་པ་བྱ་ཆེད། ད་ལོ་ནས་བཟུང་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་འགན་ལེན་རྣམ་པ་གསར་པ་ལག་ལེན་བསྟར་ཏེ། སྨན་བཅོས་རོགས་སྐྱོབ་མ་དངུལ་ནས་ཕྲུ་གུ་དམར་འབྱར་གྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱིས་འཇལ་དགོས་པའི་གྲོན་དངུལ་ཆ་ཚང་སྤྲོད་རོགས་བྱས་ནས། ཕྲུ་གུ་དམར་འབྱར“གྲོན་དངུལ་གཅིག་ཀྱང་སྤྲོད་མི་དགོས་པར”འགན་བཅོལ་ནང་ཞུགས་ཐུབ་པ་བྱེད་དགོས་པ་གསལ་པོར་བཏོན་ཡོད། སྲིད་ཇུས་དེས་དེ་སྔོན་གྱི་འགན་བཅོལ་ནང་ཞུགས་པར་གྲོན་དངུལ་འཇལ་དགོས་པའི་ཚད་བཀག་མེད་པ་བཟོས་ནས། ཕྲུ་གུ་དམར་འབྱར་ཡོད་པའི་ཁྱིམ་ཚང་ཚང་མར་གྲོན་དངུལ་འཇལ་བའི་སེམས་ཁྲལ་ནུས་ལྡན་ངང་བསལ་ཡོད།
མིག་སྔའི་བར། ལམ་སྲོལ་དེས་ལྷ་ས་གྲོང་ཁྱེར་གྱི་ཕྲུ་གུ་དམར་འབྱར་ཡོད་པའི་ཁྱིམ་ཚང་2700ལྷག་ཙམ་ལ་ཕན་ཐོགས་ཡོད་པ་དང་། རིམ་རྩིས་བརྒྱབ་པར་གཞིགས་ན། ཁྱིམ་ཚང་གིས་འཇལ་དགོས་པའི་གྲོན་དངུལ་སྒོར་ཁྲི་100ལྷག་ཙམ་ཉུང་དུ་བཏང་སྟེ། ཁྱིམ་ཚང་སོ་སོའི་སྨན་བཅོས་ཀྱི་གནོན་ཤུགས་ཆུང་དུ་ངེས་ཅན་བཏང་ཡོད། དེ་དང་ཆབས་ཅིག འགན་བཅོལ་ནང་ཞུགས་པའི་ཕྲུ་གུ་དམར་འབྱར་ལ་ལོ་རེར་སྨན་བཅོས་འགན་བཅོལ་དངུལ་མཐོ་ཤོས་སྒོར་ཁྲི་20གཏོང་ཆོག་པ་དང་། དེའི་ནང་ནད་ཁང་དུ་སྡོད་པ་དང་སྒོ་བསྟེན་གྱི་དམིགས་བསལ་ནད་རིགས་ལྟ་བ་སོགས་ཀྱི་སྨན་བཅོས་ཞབས་ཞུ་མང་པོ་ཚུད་ཡོད་པས། ཕྲུ་གུ་དམར་འབྱར་གྱི་རྒྱུན་མཐོང་ནད་དང་ཐོལ་བྱུང་གི་ནད་ཚབས་ལྕིའི་རིགས་སོགས་ལ་ཁ་གཏད་གཅོག་པའི་ཐད་ནུས་པ་འགངས་ཆེན་ཐོན་ནས། བྱིས་པའི་སྨན་བཅོས་ཀྱི་དཀའ་ངལ་སེལ་བའི་ཐད་ཁྱིམ་ཚང་སོ་སོའི་གདེང་སྤོབས་དེ་བས་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།