བྱེ་ཐང་དུ“གློག་གསོག་འབོ”ཆེན་པོ་ཞིག་བསྐྲུན་པ།

འདི་ནི་ཀུའུ་ཧྲན་ལེང་གི་ཅི་ཝ་3/ཆུ་ཚོད་རེར་ཅི་ཝ་12.8ཀྱི་ནུས་གསོག་གློག་ཁང་རྣམ་གྲངས་སྐྲུན་ཡུལ་ཡིན་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཀྲི་ཡའོ།
ནུས་རྒྱུའི་བགྲོད་ལམ་གཙོ་བོའི་བཀོད་པ་ལེགས་སུ་བཏང་ནས་ནུས་རྒྱུ་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
—— “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ནས་དྲངས།
འདེགས་འཁོར་འཁོར་སྐྱོད་བྱེད་འགོ་ཚུགས། འཕྲུལ་འཁོར་གྱི་འུར་སྒྲས་ཁེངས། ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་ཏ་ལ་ཐེ་ཆི་རུ་འཛུགས་སྐྲུན་པ་3000ལྷག་ཙམ་གྱིས་ཁུའུ་པུའུ་ཆི་བྱེ་ཐང་དུ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་གྱི་ལས་ལ་གཞོལ་བཞིན་ཡོད་ཅིང་། ཀུའུ་ཧྲན་ལེང་གི་ཅི་ཝ་3/ཆུ་ཚོད་རེར་ཅི་ཝ་12.8ཀྱི་ནུས་གསོག་གློག་ཁང་གི་ཐོག་མའི་བཟོ་དབྱིབས་རགས་ཙམ་ཆགས་ཡོད།
ཅི་ཝ་གསུམ་ལ་གློག་ཤུགས་ག་ཚོད་ཟིན་གྱི་ཡོད་དམ། “གློག་སྤྱོད་ཚད་མང་ཤོས་སུ་ཁྱིམ་ཚང་རེར་ཆན་ཝ་10ཡི་ནུས་ཚད་ལྟར་རྩིས་བརྒྱབ་ཚེ། ཁྱིམ་ཚང་ཁྲི་30ལ་དུས་མཉམ་དུ་གློག་གཏོང་ཐུབ”ཅེས་ནང་སོག་གློག་ཤུགས(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་ཨེར་ཏུའོ་སི་གློག་འདོན་ཡན་ལག་ཀུང་སིའི་འཆར་གཞི་དང་འཕེལ་རྒྱས་པུའུ་ཡི་གཙོ་གཉེར་བ་ཝང་ཉིང་གིས་ངོ་སྤྲོད་བྱས།
རྒྱ་ཁྱོན་མུའུ་1100ཙམ་བཟུང་བའི“གློག་གསོག་འབོ”ཆེན་པོ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་112བཏང་བ་དང་། དེའི་ནང་གི་ནུས་གསོག་གློག་ཁང་ཁག་གཉིས་སུ་སྐྱོད་སྐབས། ནུས་གསོག་གློག་རྫས་ཁང་གྲལ་སྟར་འགྲིག་པ་དང་ལས་དོན་པས་སྙོམས་སྒྲིག་ཚོད་ལྟའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་མཆིས། “གློག་ཁང་དེ་གཉིས་སྐྲུན་མགྱོགས་ཤོས་ཡིན་པ་དང་ད་ལོའི་ལོ་མཇུག་ཏུ་སྤྱོད་འགོ་ཚུགས་རྒྱུ་རེད”ཅེས་ནང་སོག་ཀྲུང་གློག་ནུས་གསོག་ལག་རྩལ་ཚད་ཡོད་ཀུང་སི་ཀུའུ་ཧྲན་ལེང་རྣམ་གྲངས་གསར་སྤེལ་གྱི་འགན་འཁུར་བ་ཁྲེན་ཅ་དབྱི་ཡིས་བཤད།
བྱེ་ཐང་དུ“གློག་གསོག་འབོ”ཆེན་པོ་འདི་འདྲ་འཛུགས་དོན་གང་ཡིན་ནམ།
ཁུའུ་པུའུ་ཆི་བྱེ་ཐང་གི་ཡུལ་ལྗོངས་མཛེས་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། དེར་རླུང་གློག་ཆེ་གྲས་དང་འོད་ཤུགས་སོགས་ནུས་རྒྱུ་གསར་པའི་གློག་གཏོང་རྟེན་གཞི་མང་པོ་བསྐྲུན་ཡོད། རྣམ་གྲངས་ཚང་མ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྗེས་ཏ་ལ་ཐེ་ཆི་ཁོ་ནར་ལོར་ཆ་སྙོམས་གློག་གཏོང་ཚད་སྔོན་དཔག་བྱས་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་400ཟིན་རྒྱུ་རེད།
ནུས་རྒྱུ་གསར་པའི་གློག་གཏོང་རྟེན་གཞི་དང་གློག་དྲ་ལྟེ་བའི་མཚམས་ཚིགས་ཉེ་འགྲམ་དུ་ནུས་གསོག་གློག་ཁང་བསྐྲུན་ཚེ། གློག་ཤུགས་སྐྱེལ་འདྲེན་གྱི་མ་གནས་ཆུང་དུ་དང་ཟད་གྲོན་ཉུང་དུ་གཏོང་ཐུབ། “གནས་འདེམས་སྐབས་ད་དུང་ས་གཤིས་ཀྱི་ཆ་རྐྱེན་དང་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་དགོས”ཞེས་ནང་སོག་གློག་ཤུགས་རྩད་ཞིབ་ཇུས་འགོད་ཁང་གི་རྣམ་གྲངས་ཅིང་ལི་ཀྲང་ཁའེ་ཡིས་ངོ་སྤྲོད་བྱས།
ཀུའུ་ཧྲན་ལེང་གི་ཅི་ཝ་3/ཆུ་ཚོད་རེར་ཅི་ཝ་12.8ཀྱི་ནུས་གསོག་གློག་ཁང་གི་རྣམ་གྲངས་བསྐྲུན་རྗེས། ལོ་ལྟར་སྔོན་དཔག་བྱས་ན་གློག་དྲར་ཆུ་ཚོད་ཆན་ཝ་དུང་ཕྱུར་36གི་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་འདོན་ཐུབ་ཀྱི་ཡོད། འོ་ན། གློག་འདི་དག་ས་ཆ་གང་དག་ལ་མཁོ་འདོན་བྱེད་དམ།
ཝང་ཉིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་བསྐྲུན་རྗེས་ཀུའུ་ཧྲན་ལེང་གི་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚིགས་དང་སྦྲེལ་མཐུད་བྱེད་པ་དང་སྦྲགས་གློག་དྲ་ཡང་སྦྲེལ་མཐུད་བྱས་ཏེ། ཨེར་ཏུའོ་སི་དང་དེ་བཞིན་ནང་སོག་ནུབ་རྒྱུད་ཀྱི་བཟོ་ལས་དང་གྲོང་མིའི་གློག་སྤྱོད་དགོས་མཁོ་སྔོན་ལ་འགན་ལེན་བྱ་རྒྱུ་མ་ཟད། ཀྲུང་གོའི་བྱང་རྒྱུད་སོགས་ས་ཁུལ་དུ་གློག་བསྐྱལ་ནས་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་རོགས་ཀྱང་བྱ་རྒྱུ་རེད།
མིག་སྔར་ཨེར་ཏུའོ་སི་གྲོང་ཁྱེར་དུ་ནུས་གསོག་གློག་ཁང་གི་རྣམ་གྲངས་23བསྐྲུན་ཟིན་པ་དང་། རྣམ་གྲངས་12སྐྲུན་བཞིན་ཡོད་པ། རྣམ་གྲངས་17སྐྲུན་རྩིས་ཡོད་པ་རེད། གཞན་ཡང་། ཁུའུ་པུའུ་ཆི་བྱེ་ཐང་དུ་ཧང་ཅིན་ཆི་ཀུའུ་ཧྲན་ལེང་གི་མིང་དབྱང་རིག་ནུས་ཀྲའོ་ཝ་100/ཆུ་ཚོད་རེར་ཀྲའོ་ཝ་400ཡི་གློག་དྲའི་ནུས་གསོག་གློག་ཁང་གི་དཔེ་སྟོན་རྣམ་གྲངས་སྔོན་དཔག་བྱས་ན་ད་ལོའི་ཟླ་བ་བཅུ་གཅིག་པའི་ཟླ་མཇུག་ཏུ་སྤྱོད་རྒྱུ་ཡིན་པ་རེད།
བྱེ་ཐང་དུ“གློག་གསོག་འབོ”ཆེན་པོ་རེ་རེ་བཞིན་བསྐྲུན་པར་ཁྲོམ་རའི་སྒུལ་ཤུགས་ལ་བརྟེན་དགོས་པ་མ་ཟད། ད་དུང་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཡང་ཁ་འབྲལ་ཐབས་མེད། ནང་སོག་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱིས《ནུས་གསོག་གསར་པ་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། 2025ལོར་རང་ཚུགས་ཀྱི་ནུས་གསོག་གློག་ཁང་གསར་པས་སྤྱི་སྤྱོད་གློག་དྲར་གློག་བཏང་བའི་ཁ་གསབ་ཚད་གཞི་དེ་ཆུ་ཚོད་ཆན་ཝ་རེར་སྒོར་0.35ཡིན་པ་དང་ཁ་གསབ་དུས་ཡུན་ལོ་10ཡིན་པ་གཏན་འཁེལ་བྱས་ཡོད།
ཨེར་ཏུའོ་སི་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔ་ཚན་བཅོ་ལྔ་པར”དམིགས་ནས། ས་གནས་དེ་གས་ནུས་རྒྱུ་གསར་པ་གཙོ་བོར་བྱེད་པའི་གློག་ཤུགས་མ་ལག་གསར་པ་མུ་མཐུད་ལེགས་སུ་བཏང་སྟེ། ནུས་རྒྱུ་ཕྱོགས་སྒྱུར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།