རང་རྒྱལ་གྱི་ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་ཚོད་ལྟར་གྲུབ་འབྲས་ཡག་པོ་ཐོབ་པ།
ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་22ཉིན། ཀོང་ཤིས་ནན་ཉིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་ཚོད་ལྟའི་ལས་དོན་ཕྱོགས་སྡོམ་གྱི་ས་གནས་ས་ཐོག་གི་སྤེལ་རེས་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་ཚོད་ལྟའི་ལས་དོན་དེ་ནགས་ཚལ་གཉེར་སྐྱོང་ཇུས་གཞི་དང་། ལག་རྩལ་གྱི་ཐབས་ལམ། གཉེར་སྐྱོང་གི་རྣམ་པ། ལམ་སྲོལ་གསར་གཏོད། ཚན་རྩལ་གྱི་འདེགས་སྐྱོར་སོགས་ཐད་ཡར་རྒྱས་ཆེན་པོ་བྱུང་ལ་ནགས་ཚལ་གྱི་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་འབྲས་རགས་ཙམ་ཐོན་ཡོད། དཔེ་ལེན་ས་ཆར་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར་གཞིགས་ན། ནགས་ཚལ་གཉེར་སྐྱོང་གི་ནགས་ཤིང་སྦོང་ཚད་ལོར་43%ཡན་འཕར་བ་དང་། སྤྱི་ཆིང་གསོག་འཇོག་ལོར་སྐྱེ་ཚད་40%ཙམ་འཕར་བ། ཤིང་སྣ་འདྲེས་མའི་བསྡུར་ཚད་བརྒྱ་ཆའི་གྲངས་8.5མཐོ་རུ་ཕྱིན་པ་བཅས་བྱུང་ནས་ཤིང་རིགས་སྣ་ཁ་འཛོམས་ཚད་དང་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
ནགས་ཚལ་གྱི་སྤུས་ཚད་མཐོ་རུ་ནུས་ཤུགས་ཡོད་རྒུས་བཏང་ནས་ནགས་ཚལ་གྱི“མཛོད་བཞིའི”བྱེད་ནུས་སྔར་བས་ལེགས་པར་འདོན་ཆེད། 2023ལོར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས《རྒྱལ་ཡོངས་ཀྱི་ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་ཚོད་ལྟའི་ལག་བསྟར་ཇུས་གཞི(2023ལོ་ནས་2025ལོ་བར)》བཟོས་ནས་རྒྱལ་ཡོངས་སུ་ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ལོ་གསུམ་རིང་། རྒྱལ་ཡོངས་སུ་ཚོད་ལྟ་དང་ཁེབས་ཁྱོན་རིམ་རྩིས་བརྒྱབ་ན་ནགས་ཚལ་གཉེར་སྐྱོང་མུའུ་ཁྲི་4049ཟིན་གྱི་ཡོད། ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་ལག་བསྟར་བྱས་པ་བརྒྱུད། འབྲེལ་ཡོད་དོ་དམ་སྲིད་ཇུས་སྔར་བས་ལེགས་སུ་དང་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ནགས་ཤིང་གཅོད་འབྲེག་དོ་དམ་སོགས་སྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པར་སྐུལ་མ་ཐེབས་ནས་ནགས་ཚལ་གྱི་གྲུབ་ཆ་ལེགས་སྒྱུར་ལེགས་སྒྲིག་དང་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ལེགས་སྒྱུར་ལ་སྐུལ་མ་ནུས་ལྡན་ཐེབས་ནས་ནགས་ཚལ་ཞབས་ཞུའི་བྱེད་ནུས་སྔར་བས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཚོད་ལྟའི་འཛུགས་སྐྲུན་གྱིས་ས་གནས་ཀྱི་ནོར་སྲིད་དང་གཉེར་སྐྱོང་བྱེད་པོས་མ་དངུལ་སྒོར་དུང་ཕྱུར་9.5གཏོང་རྒྱུར་སྐུལ་ཁྲིད་ཐུབ་ནས་འདེབས་གསོའི་ཁྲོད་གཅོད་འབྲེག་དང་། ལྷག་མ་བེད་སྤྱོད་པ། ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་བརྒྱུད་དཔལ་འབྱོར་གྱི་ཡོང་འབབ་སྒོར་དུང་ཕྱུར་78.6བྱུང་བ་དང་ནགས་རའི་བཟོ་པ་དང་ནགས་ལས་ཞིང་པར་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་105.2མང་དུ་ཕྱིན་ནས་ནགས་ཁུལ་གྱི་ལས་ཞུགས་དང་ནགས་ལས་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ནགས་ལས་ཐོན་ཁུངས་དང་ཐོན་ལས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཀོང་ཤིས་ཀྱིས་ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་ལྟེ་བ་དང་སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱས་པ་དང་རྒྱལ་ཡོངས་ཀྱི་ནགས་ས་རྒྱ་ཁྱོན་5%ལ་རྒྱལ་ཡོངས་ཀྱི་ཤིང་ཆ་40%ཐོན་སྐྱེད་བྱས་ཏེ་རྒྱལ་ཡོངས་ཀྱི་སྔོན་ལ་ནགས་ལས་ཀྱི་ལོའི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཐུབ་པ་བྱུང་ནས་ཀོང་ཤིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུར་ལྗང་མདོག་གི་སྒུལ་ཤུགས་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།