དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལུས་རྩལ་འགྲན་ཚོགས་འཁྲུག་ཆ་དོད། གངས་ལྗོངས་གཞོན་ནུའི་ཉམས་འགྱུར་བཟང་།

    —— རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཐོག་གི་རང་ལྗོངས་ཀྱི་ལུས་རྩལ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-25

    འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    འདི་ནི་འཕེན་མདུང་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་བྲག་འཛེག་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་བུད་མེད་ཀྱི་རང་མོས་རྣམ་པའི་སྤེ་ག་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་རྟ་རྩལ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་འདུར་འགྲོས་འགྲན་བསྡུར་བྱ་ཡུལ་ཡིན་པ།

    ཟླ་11ཚེས་21ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཧྲེན་ཀྲེན་དུ་མཇུག་འགྲིལ་བ་དང་། ད་ཐེངས་རང་ལྗོངས་ཀྱི་ལུས་རྩལ་པས་རྩལ་འགྲན་རྣམ་གྲངས་ཆེ་གྲས་ཁག་11དང་མང་ཚོགས་ལུས་རྩལ་རྣམ་གྲངས་ཆེ་གྲས་ཁག་9ཡི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ལ་བོད་ཀྱི་ལུས་རྩལ་པས་ས་མཐོའི་མི་དམངས་ཀྱི་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་དང་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་བཟང་ངོམས་ཡོད་ལ། དཔའ་སྟོབས་ཆེ་བ་དང་། གཉའ་མི་ཞུམ་པ། བག་ཡངས་པ། སྤྲོ་སེམས་འཁོལ་བ་སོགས་ནམ་ཡང་དོར་ཐབས་མེད་པའི་ངར་ཤུགས་མངོན་པར་བྱས་ཡོད། དེ་ཡང་ཟླ་11ཚེས་12ཉིན་ལུས་རྩལ་པ་བློ་བཟང་ཤེས་རབ་ལ་སྤྱི་རྒྱ་125ཡི་རིམ་པའི་སྐྱེས་པའི་རང་མོས་སྦེ་ག་འགྲན་བསྡུར་གྱི་ཨང་7པ་ཐོབ་པ་དེས་1993ལོ་ནས་བཟུང་བོད་ཀྱི་རྣམ་གྲངས་དེའི་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་ཡོད། བོད་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མས“བོད་ཀྱི་སྦེ་ག་འགྲན་བསྡུར་ནི་1985ལོ་ནས་འགོ་བཙུགས་པ་དང་ལོ་དེ་དག་ནང་ཡར་རྒྱས་ཆེན་པོ་བྱུང་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནང་ང་ཚོའི་ལུས་རྩལ་པས་ཤུགས་བརྒྱབ་སོང་། རྗེས་སུ་ལྷོད་གཡེང་མ་ཤོར་བར་མུ་མཐུད་སྦྱོང་བརྡར་ཡག་པོ་བྱས་ཏེ་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ལེན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    ལོ་རྒྱུས་ཡུན་རིང་ལྡན་པའི་རྟ་རྩལ་འགྲན་བསྡུར་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ཁྱབ་རྒྱ་ཆེ་ཤོས་ཀྱི་བྱེད་སྒོའི་གྲས་ཤིག་རེད། རྟ་རྩལ་འགྲན་བསྡུར་ནི་མགྱོགས་ཚད་དང་། སྟོབས་ཤུགས། བློ་ཁོག བློ་གྲོས་བཅས་ཀྱི་འགྲན་རྩལ་ཞིག་ཡིན། ཟླ་11ཚེས་15ཉིན་གྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ནང་བོད་ལྗོངས་རུ་ཁག་ལ་མཉམ་སྡེབ་ཀྱི་ཨང་4པ་ཐོབ་པ་དང་། རྩལ་ཁྲིད་པ་མཚོ་དུང་གིས“ད་ཐེངས་འགྲན་བསྡུར་ལ་ཞུགས་པའི་རྟ“ཀའོ་ཧྥེ”དང“ཁའེ་སའེ”གཉིས་ནི་འདི་ལོའི་ཟླ་ལྔ་པར་ཕྱི་རྒྱལ་ནས་ཉོས་མ་ཐག་པ་ཡིན་པས། དུས་ཐུང་ཟླ་བ་ཁ་ཤས་ནང་རྟ་དང་ལུས་རྩལ་པའི་དབར་རྒྱུས་མངའ་དེ་ཙམ་མེད་པའི་རྐྱེན་གྱིས་ཕན་ཚུན་དབར་གཞོགས་འདེགས་ཡག་པོ་བྱུང་མ་སོང་། བྱས་ཙང་པེ་ཅིང་ལ་ལོག་རྗེས་སྦྱོང་བརྡར་ཡག་པོ་བྱས་ཏེ་བོད་ཀྱི་རྟ་རྩལ་རུ་ཁག་ལ་གྲུབ་འབྲས་སྔར་ལས་ལྷག་པ་ཐོབ་པ་བྱེད་ཀྱི་ཡིན་ལ། མི་དེ་བས་མང་བར་རྟ་རྩལ་ལ་བརྟེན་ནས་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་པའི་སྲོལ་རྒྱུན་རིག་གནས་དང་དམིགས་བསལ་ཉམས་འགྱུར་ལྡན་པའི་ཡུལ་སྲོལ་གོམས་གཤིས་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན། རྟ་རྩལ་ལུས་རྩལ་ནི་ཉིན་ནས་ཉིན་དང་ཟླ་ནས་ཟླ་མཐུད་དེ་སྦྱོང་བརྡར་བྱེད་དགོས་པས། དུས་ཐུང་ནང་གྲུབ་འབྲས་ཡག་པོ་ཐོབ་མི་སྲིད་ཀྱང་འབྱུང་འགྱུར་རེ་བ་ཆེན་པོ་ཡོད”ཅེས་བཤད།

    ཟླ་11ཚེས་16ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་གཉིས་པ་ཡིན་པའི་ལོ་26ལ་སླེབས་པའི་འཕེན་མདུང་ལུས་རྩལ་པ་རིན་ཆེན་སྒྲོལ་མས“རྒྱལ་ནང་གི་རིམ་པ་མཐོ་ཤོས་ཀྱི་འགྲན་བསྡུར་ནང་ཚུད་པ་ཁོ་ནས་སེམས་ནང་དགའ་སྤྲོ་དཔག་མེད་སྐྱེས་བྱུང་། ངས་ཀྱང་གྲ་སྒྲིག་ཧུར་ཐག་བྱས་པ་ཡིན། འགྲན་བསྡུར་བྱེད་དུས་གཟིགས་མོ་བའི་དགའ་འབོད་ལས་ངའི་ངར་ཤུགས་ཆེན་པོ་འཕེལ་སོང་། ངས་མུ་མཐུད་ཤུགས་བརྒྱབ་ནས་རྗེས་མའི་འགྲན་བསྡུར་ནང་བྱ་དགའ་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད།

    ཟླ་11ཚེས་17ཉིན། ཀྲུའུ་ཧའེ་གྲོང་ཁྱེར་དུ་གཉེར་བའི་མར་སུན་འདུར་འགྲོས་མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར་ནང་བོད་ཀྱི་ཚོགས་པ་གཉིས་ཀྱིས་རྒྱུག་ཤར་ཧུར་ཐག་གློད་ཅིང་། 2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་གསར་པ་ཡིན་པའི་མར་སུན་འདུར་འགྲོས་མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར་དེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བཀོད་སྒྲིག་བྱེད་ཐེངས་དང་པོ་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་42.195ཡོད། མཐར་ཚོགས་ཆུང་དང་པོའི་ལུས་རྩལ་པ་ཆུང་བདག་དང་པད་མ་སྒྲོལ་མར་ཨང་18པ་དང་ཚོགས་ཆུང་གཉིས་པའི་བསྟན་འཛིན་དང་བསམ་གཏན་ཆོས་སྒྲོན་ལ་ཨང་20པ་ཐོབ་པ་རེད།

    ཐེངས་འདིའི་འགྲན་བསྡུར་ལ་བོད་ཀྱི་ལུས་རྩལ་པས་རྔུལ་ཆུའི་ཐོག་ནས་ལུས་རྩལ་གྱི་སྙིང་སྟོབས་མཚོན་པ་དང་། ཁོང་ཚོས་རྣམ་གྲངས་མང་པོའི་ནང་ཚད་བརྒལ་གྱི་གྲུབ་འབྲས་བཏོད་པ་མ་ཟད། དུས་རབས་གསར་པའི་བོད་ཀྱི་ལུས་རྩལ་པའི་གདེང་ཚོད་ཀྱང་དེ་བས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་རྩ་བ་ནི་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱེད་དགོས་པ་དེ་ཡིན། འདི་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ཁ་ཕྱོགས་ཤིག་རེད་ཅེས་ནན་བཤད་གནང་ཡོད། བོད་ཀྱི་ལུས་རྩལ་པ་ཚོས་འབད་འབུངས་ཡར་བརྩོན་དང་ཕུལ་བྱུང་གྲུབ་འབྲས་ཡང་སེ་བཏོད་དེ་ཕ་ཡུལ་གྱི་མི་དམངས་ལ་རེ་བའི་འབྲས་བཟང་སྨིན་པའི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།  

    (གསར་འགོད་པ། ཕུན་ཚོགས་ཉི་སྒྲོན། ཀྲེང་ལུའུ། བློ་བཟང་། ཞོགས་གཡང་། མིང་སྐྱིད)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།