གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྣར་ཤང་བདེ་ཆེན་གྲོང་ཚོས“སྐར་གསོག་བཅོལ་འཛིན”ལག་བསྟར་བྱས་པ།
གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་ལ་དེ་བས་དྲོ་སྐྱིད་ལྡན་པར་བྱེད་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ལམ་བུར་བསྐྱོད་དེ། སྤྱི་ཚོགས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གོ་རིམ་ལྡན་པ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བཀོད་སྒྲིག་གལ་ཆེན་དེ་ཇི་ལྟར་བྱས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྲོང་གསེབ་ཏུ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས་སམ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྣར་ཤང་བདེ་ཆེན་གྲོང་ཚོས“སྐར་གསོག་བཅོལ་འཛིན”ཆུང་ངུར་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་གི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།
ཞོགས་པར། བདེ་ཆེན་གྲོང་ཚོའི་གྲོང་མི་བཀྲ་ཤིས་སྒོ་ཕྱིར་མ་ཐོན་གོང་སྒོ་རའི་ཕྱི་ནང་ལ་གཙང་སྦྲ་ཐེངས་གཅིག་བྱས་ཤིང་། “གཙང་སྦྲ་ཡག་པོ་བྱས་ཚེ་ཟླ་མཇུག་ལ་དཔྱད་བསྡུར་བྱེད་སྐབས་སྐར་མ་སྣོན་ཐུབ་པ་མ་ཟད་ད་དུང་སྐར་གསོག་སྒོ་རྩིས་ཚོང་ཁང་དུ་དངོས་པོའང་བརྗེ་རྒྱུ་ཡོད”ཅེས་ཁོང་གིས་ལག་པའི་ཐལ་རྡུལ་རྡེབ་ཀྱིན་དགའ་སྤྲོའི་ངང་དེ་ལྟར་བཤད།
“དེ་གོང་གྲོང་ཚོས་སྤྱི་པའི་ས་ཁོངས་ལ་གཙང་སྦྲ་བྱེད་དགོས་པའི་བརྡ་ཐོ་ཐེངས་མང་བཏང་ཡང་ཡོང་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། ཚང་མས་དེ་ལས་བྱེད་པའི་ལས་ཀ་རེད་སྙམ་གྱི་ཡོད”ཅེས་ཏང་ཡོན་ཚེ་རིང་རྡོ་རྗེས་དྲན་གསོ་བྱེད་བཞིན་དུ་དེ་ལྟར་བཤད། ད་ཆ་གནས་ཚུལ་རྦད་དེ་འགྱུར་ལྡོག་ཕྱིན་པ་སྟེ་གྲོང་ཚོའི་ལས་ཀར་གྲོས་བསྡུར་བྱེད་སྐབས་ཚང་མས་ཚ་ཚ་འུར་འུར་ངང་གཏམ་བཤད་སྤེལ་བ་དང་། སྤྱི་པའི་ས་ཁོངས་སུ་གཙང་སྦྲ་བྱེད་སྐབས་མི་ཚང་མས་ལས་ཀ་བྱེད་ཀྱི་ཡོད་པ་རེད།
འགྱུར་ལྡོག་དེ་དག་བདེ་ཆེན་གྲོང་ཚོས་བཏོན་པའི“སྐར་གསོག་ལམ་ལུགས”ནས་བརྗོད་དགོས།
སྣར་ཤང་སྲིད་གཞུང་གི་མཛུབ་ཁྲིད་འོག བདེ་ཆེན་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྐར་གསོག་གི་དམིགས་ཚད་ཞིབ་ཚགས་སུ་བཏང་ནས་གྲོང་མི་རྣམས་ཇུས་ཤུགས་མཉམ་འདོན་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁོར་ཡུག་བཅོས་སྒྲིག དོན་གྲོས་གྲོས་མོལ་སོགས་ཀྱི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། གྲོང་མི་རྣམས“ཟུར་ལྟ་བྱེད་མཁན”ནས“བདག་པོར”འགྱུར་རྒྱུར་སྐུལ་སློང་ནུས་ལྡན་བྱས་ནས“ཡུལ་མིའི་རང་སྐྱོང”དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།
“སྐར་གསོག་ལམ་ལུགས”ཀྱིས་ཡུལ་མི་ཚོའི་རྣམ་པར་འགྱུར་ལྡོག་ཕྱིན་པ་མ་ཟད་ད་དུང་ཡུལ་མིའི་ཁྲིམས་སྐྱོང་འདུ་ཤེས་ལའང་འགྱུར་ལྡོག་ཕྱིན་ཡོད། བདེ་ཆེན་གྲོང་ཚོས“སྐར་གསོག་ལམ་ལུགས”དང་ཁྲིམས་སྐྱོང་ལག་ལེན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། སྒྲིག་བཀུར་ཁྲིམས་སྲུང་། འགལ་བ་སེལ་བ་སོགས་ཀྱི་ནང་དོན་དེ་དག་ ཚད་འབེབས་ཐུབ་པའི་སྐར་གསོག་དམིགས་ཚད་དུ་འགྱུར་བར་བྱས་ཏེ“སྐར་གསོག་+”ཀྱི་བྱེད་སྟངས་སྤྱད་ནས་སྐར་གསོག་ཁྲོད་ཡུལ་མིའི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།
བདེ་ཆེན་གྲོང་ཚོའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་སྐར་གསོག་བརྗེ་གནས་དང་ཁྲིམས་སྐྱོང་བློ་འདྲིའི་སྟེགས་བུ་བཙུགས་ཡོད་པས་ཡུལ་མིས་སྐར་གསོག་བརྗེ་བ་དང་ཁྲིམས་སྐྱོང་བློ་འདྲིའི་གནད་དོན་སྟབས་བསྟུན་ངང་གདམ་ག་བྱེད་ཆོག རྒྱུན་དུ་འདི་གར་དུས་བཀག་ལྟར་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། ཁྲིམས་སྐྱོང་གི་འཆད་ཁྲིད། གྱོད་དཔེ་གསལ་འགྲེལ་བཅས་བྱས་ནས་ཡུལ་མིར་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཁྲིད་སྟོན་དང་། སྐར་གསོག་གིས་རང་ངོས་ཀྱི་ཁྲིམས་སྲུང་བྱ་སྤྱོད་ཟིན་ཐོར་བཀོད་དེ་ཁྲིམས་ལྟར་བྱ་བ་སྒྲུབ་པ་དེ་ཡུལ་མི་ཚང་མའི“ནང་གནས་རང་རྟོགས”སུ་འགྱུར་བར་བྱས་ཡོད།
བདེ་ཆེན་གྲོང་ཚོས་དུས་བཀག་ལྟར་གསར་བརྗེས་བྱས་པའི་ཚུལ་བཞིན་སྐྱོང་བའི་སྐར་གསོག་བྱང་བུ་ནི་ཡུལ་མིས་དོ་ཁུར་ཆེ་ཤོས་བྱེད་པའི་གཟི་བརྗིད་བྱང་བུ་ཞིག་རེད། གྲོང་ཚོས་ཚུལ་བཞིན་སྐྱོང་བ་དེ་སྐར་གསོག་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱས་ཏེ་སྐར་མ་བསགས་ནས་སྤྱོད་བཟང“ཚད་འབེབས”དང་ཤེས་དཔལ་མངོན་པར་བྱས་ཡོད། ཏང་ཡོན་གྱི་སྣེ་ཁྲིད་འོག་ཡུལ་མི་མང་པོ་ཚ་ཚ་འུར་འུར་ངང་སྤྱི་ཕན་བྱ་གཞག་ལ་ཞུགས་པ་དང་སྲོལ་རྒྱུན་གྱི་སྤྱོད་བཟང་ལག་ལེན་བསྟར་བས“ཀུན་གྱིས་ང་ཡི་དོན་དུ་འབད། ང་ཡིས་ཚང་མའི་དོན་དུ་གཞོལ”བའི་རྣམ་པ་བཟང་པོ་ཆགས་ཡོད།
“སྐར་གསོག་ལམ་ལུགས”དེ་འབྲེལ་ཐག་ཅིག་དང་འདྲ་བར་གཞི་རིམ་ཏང་རྩ་འཛུགས་དང་མང་ཚོགས་དང་སྦྲེལ་ནས་གཞི་རིམ་བཅོས་སྐྱོང་ལ་ཕན་ནུས་ལྡན་ལ་དེ་བས་དྲོ་སྐྱིད་ལྡན་པར་བྱས་ཡོད། ཇི་ཙམ་བཀོད་པ་དེ་ཙམ་གྱིས་མཐུག་ཏུ་འགྲོ་བའི“སྐར་གསོག་བཅོལ་འཛིན”དེར་ཞིབ་ཕྲའི་བྱ་ཐབས་སྣ་ཚོགས་བཀོད་ལ་གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་གསར་པས་ཁེངས་ཡོད།
“གོམ་སྟབས་རྗེས་མར་ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་སྐར་གསོག་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐར་གསོག་གིས་བརྗེ་བའི་དངོས་རྫས་ཕུན་སུམ་ཚོགས་སུ་བཏང་ནས་ཡུལ་མི་གྲོང་གསེབ་བཅོས་སྐྱོང་ལ་ཞུགས་པའི་ཧུར་སེམས་སྔར་བས་ཆེ་རུ་གཏོང་གི་ཡིན”ཞེས་བདེ་ཆེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་དོན་གྲུབ་ཀྱིས་སེམས་ཤུགས་ཆེན་པོས་བཤད།
འབྲེལ་ཡོད་གསར་འགྱུར།