ས་བབ་སྨི་3700ཡི་ས་མཐོར་དམངས་ཀྱི་བདེ་ཐང་འགན་སྲུང་བྱས།
སྟོན་མཇུག་ཏུ། ས་བབ་སྨི་3700ཡོད་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་གྲོང་དུ་གྲང་རླུང་ལྡང་འགོ་ཚུགས་ཤིང་། ཞོགས་པའི་ཉི་འོད་རྩེ་ཁོག་རྫོང་བོད་ལུགས་གསོ་རིག་སྨན་ཁང་དུ་འཕྲོ་བཞིན་མཆིས། ལུམས་ཁང་ནང་རླངས་པ་ལང་ལོང་དུ་འཕྱུར་བ་དང་སྨན་རྩྭའི་དྲི་ཞིམ་རབ་ཏུ་འཐུལ་ཞིང་། གྲུམ་ནད་ཕོག་པའི་འབྲོག་པ་ཚེ་སྐྱིད་དེ་གར་ལུམས་རྒྱག་བཞིན་ཡོད། “དེ་སྔ་རྐང་པར་ན་ཟུག་གཏོང་སྐབས་ཕྱུགས་འཚོ་བར་འགྲོ་ཐབས་བྲལ་འདུག འདིར་ལུམས་བརྒྱབ་རྗེས་རྐང་པའི་ན་ཟུག་འཇགས་འགྲོ་གི་འདུག”ཅེས་ཚེ་སྐྱིད་ཀྱིས་འཛུམ་མདངས་འཕྱུར་བཞིན་བཤད།
རྩེ་ཁོག་རྫོང་བོད་ལུགས་གསོ་རིག་སྨན་ཁང་གི་དེང་རབས་ཅན་གྱི་སྨན་སྦྱོར་ལྟེ་གནས་ནང་འཛུལ་སྐབས། གཞོགས་གཅིག་གི་སྒྲིག་གཤོམ་ཁང་ནང་བཞག་ཡོད་པ་ནི་རྡོའི་རྫོག་སྣོད་དང་སྨན་གྱི་བགྲུས་གཞོང་ཡིན་པ་དང་། གཞོགས་གཞན་ཞིག་ཏུ་གནད་སྨིན་དང་ནུས་ཆེའི་ངང་འཁོར་སྐྱོད་བྱེད་པའི་རང་འགུལ་ཐོན་སྐྱེད་བརྒྱུད་རིམ་ཡིན་ཞིང་། གནའ་བོའི་བློ་གྲོས་དང་དེང་རབས་ཚན་རྩལ་མཉམ་འདྲེས་ལས་གྲུབ་པའི་བོད་སྨན་རིལ་བུ་ཆུང་ཆུང་དག་ལས་ས་མཐོའི་མང་ཚོགས་ལ་ན་ཚ་བཅོས་ཐུབ་པའི་གདེང་ཚོད་དང་རེ་བ་སྦྱིན་ཡོད།
ཁྱོན་མ་དངུལ་སྒོར་ཁྲི་2292བཏང་ནས་བསྐྲུན་པའི་དེང་རབས་ཅན་གྱི་སྨན་སྦྱོར་ལྟེ་གནས་ཀྱིས་རྩེ་ཁོག་གི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བར་ཐབས་ལམ་གསར་པ་བཏོད་ཡོད།
“འདི་ནི་ཞིབ་འཐག་འཕྲུལ་འཁོར་རེད། དེས་སྨན་རྒྱུ་ཞིབ་མོ་འཐག་ཐུབ་པས་སྨན་གྱི་ནུས་པ་དེ་བས་ལེགས་པ་ཐོན་ཐུབ་པ་དང་། དེ་ནི་རང་འགུལ་ཅན་གྱི་སྤྱིན་ཐུམ་ནང་འཇུག་འཕྲུལ་ཆས་རེད། དེས་ཚད་བཅད་ལྟར་སྤྱིན་ཐུམ་རྒྱག་ཐུབ་པས་རིལ་བུ་གཅིག་ཀྱང་ཆེ་ཆུང་ཤོར་གྱི་མེད”ཅེས་སྨན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་དཔལ་འབྱོར་རྡོ་རྗེས་རེ་རེ་བཞིན་ངོ་སྤྲོད་ཞིབ་པར་བྱས། དེར་སྔོན་ཐོན་སྒྲིག་ཆས་50ལྷག་ཙམ་གྱིས་སྲོལ་རྒྱུན་ཡོ་ཆས་ཀྱི་ཚབ་བྱས་པ་དང་བོད་སྨན་སྣ་ཁ་214གཞི་ཁྱོན་ཅན་གྱི་སྒོ་ནས་ཐོན་སྐྱེད་ཐུབ་ཀྱི་ཡོད། དེའི་ནང་གི་སྣ་ཁ་121ནད་བཅོས་ཐད་སྤྱོད་ཆེ་བའི་སྨན་རྫས་གཙོ་བོར་གྱུར་བ་དང་ལོ་རེའི་ཐོན་འབོར་ཏུན་20ཟིན་གྱི་ཡོད་པ་རེད།
མ་བཅོས་རྒྱུ་ཆའི་མཛོད་ཁང་ནང་བོད་སྨན་སྨན་རྒྱུ་སྣ་ཁ་500ཙམ་ཉར་ཚགས་བྱས་ཡོད། དཔལ་འབྱོར་རྡོ་རྗེས་བཟོས་ཟིན་པའི་སྨན་རྫས་ཤིག་ལག་ཏུ་བཟུང་ནས“སྨན་རྒྱུ་སྔོག་འཐུ་དང་ལས་སྣོན་བྱེད་པ་ནས་ཐུམ་སྒྲིལ་རྒྱག་པའི་བར་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་གྲུབ་པས། ཐོན་སྐྱེད་བྱས་པའི་བོད་སྨན་དེ་དག་འབྲོག་པའི་ཁུག་མའི་ནང་གི‘སེམས་མནལ་རིལ་བུར’གྱུར་ཡོད”ཅེས་བཤད།
“འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་མང་ཚོགས་ནད་ལྟ་སྐབས་དེ་བས་སྟབས་བདེ་དང་དེ་བས་བློ་བདེ་པོ་ཡོང་བ་བྱ་རྒྱུ་དེ་རེད”ཅེས་རྩེ་ཁོག་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཁྲེན་ཅན་ལུང་གིས་བཤད་པའི་སྐད་ཆ་ལས་སྨན་དོན་པ་ཞིག་གི་ཐོག་མའི་བསམ་འདུན་མངོན་ཡོད། “དེ་སྔ་རྫོང་གྲོང་དུ་སྨན་བཅོས་བྱེད་དགོས་པའི་ནད་པའི་ཁྲོད་ཕྱེད་ཀ་ཙམ་བར་ཐག་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཡོད་པའི་ཟི་ལིང་གྲོང་ཁྱེར་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད”ཅེས་ཁོང་གིས་དྲན་གསོ་བྱེད་བཞིན་བཤད།
“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང“མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར”ཚོགས་པ་སླེབས་པ་དེས་རྩེ་ཁོག་རྫོང་བོད་ལུགས་གསོ་རིག་སྨན་ཁང་གི་སྒྱུར་བཅོས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད། 2025ལོར་རྩེ་ཁོག་རྫོང་དུ་ནད་གཞི་ལྕི་པོ་དང་ཚབས་ཆེན་མྱུར་སྐྱོབ་ཐུབ་ཚད་94%ཡན་ཟིན་པ་དེ་ཐོག་ནས་ནད་གཞི་ལྕི་པོ་དང་ཚབས་ཆེན་ཕོག་མཁན་མང་ཆེ་བ་ས་ཆ་དེ་རང་ནས་སྨན་བཅོས་ཐུབ་ཀྱི་ཡོད་པ་མཚོན་གྱི་ཡོད།
“དེ་སྔ་ཤང་ནས་རྫོང་དུ་ནད་ལྟ་བར་ཡོང་དུས་ཉིན་གཅིག་འགོར་གྱི་ཡོད། ད་ཆ་འབྲོག་པས་སྦག་སྦག་བཞོན་ནས་སྐར་མ་བཅུ་གྲངས་ཙམ་ནང་ཡུལ་དེ་གའི་འཕྲོད་བསྟེན་ཁང་དུ་འབྱོར་བ་དང་། སྨན་བཅོས་བྱས་ཚར་རྗེས་ཁྱིམ་དུལོག་ནས་ལས་ཀ་བྱེད་ཐུབ་པས་ཧ་ཅང་སྟབས་བདེ་པོ་ཡོད”ཅེས་རྩེ་ཁོག་རྫོང་བོད་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་གཞོན་པ་དཔལ་འབུམ་ཐར་གྱིས་གསར་འགོད་པར་བཤད། 2025ལོར་རྩེ་ཁོག་རྫོང་གི་གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཡོང་འབབ་དུས་མཚུངས་ལས་25.63%འཕར་ཡོད། དེའི་རྒྱབ་ཕྱོགས་ནས་མང་ཚོགས་ཀྱི“ནད་ལྟ་དཀའ་བ་དང་ནད་ལྟ་བར་ཐག་རིང་པོ་སྐྱོད་དགོས་པའི”མ་གནས་ཆག་པ་མ་ཟད། དེ་བས་ནི་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་ཕྱིན་པ་མངོན་ཡོད།
རྩེ་ཁོག་རྫོང་གིས་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་རྫོང་དེ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་མ་དངུལ་སྒོར་ཁྲི་209བཏང་སྟེ་མངོན་མིན་རིག་གནས་ཀྱི་སྲོལ་རྒྱུན་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམས་སྟོན་ཁང་བསྐྲུན་ཡོད། “དེར་བོད་སྨན་གྱི་རྩི་ཤིང་མ་དཔེ་རིགས་571དང་གནའ་གཞུང་གི་ཚད་ལྡན་ཡིག་ཆ་ཉར་ཚགས་བྱས་ཡོད། ང་ཚོས་སྲུང་སྐྱོང་བྱེད་པ་ནི་སྨན་རིལ་ཙམ་ཞིག་མིན་པར་དེ་ནི་ལོ་ངོ་སྟོང་གི་བློ་གྲོས་ཡིན་པ་ན་གཞོན་ཚོར་ཤེས་སུ་འཇུག་རྒྱུ་ཡིན”ཞེས་དཔལ་འབུམ་ཐར་གྱིས་བཤད།
འགྲེམས་ཁང་དེ་ད་ཆ་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས(བོད་ལུགས)གསོ་རིག་གི་རིག་གནས་དྲིལ་བསྒྲགས་སློབ་གསོའི་རྟེན་གཞིར་གྱུར་ཡོད། དེར་གནའ་བོའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་བྱ་སྨན་དོན་པ་ཚོའི་སེམས་ནང་གཏིང་ཟབ་ཟུག་ཡོད།
“2022ལོར་ང་ཚོས་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་དང་། 2024ལོར་བོན་བརྒྱ་ཤང་འཕྲོད་བསྟེན་ཁང་ལ་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། མི་དམངས་ཀྱི་བདེ་ཐང་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་བྱས་ཏེ། རྫོང་དེ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། རྩེ་ཁོག་གི་མི་དམངས་ལ་རིམ་པ་མང་ཞིང་སྣ་མང་ཅན་གྱི་བདེ་ཐང་ཞབས་ཞུ་བྱ་རྒྱུ་ཡིན”ཞེས་ཁྲེན་ཅན་ལུང་གིས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།