མཚོ་སྔོན་མགོ་ལོག་གིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་35.3བཏང་ནས་སྐྱེ་ཁམས་གཙོ་གནད་ལས་གྲྭ་ལག་ལེན་བསྟར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། མགོ་ལོག་ཀྲོའུ་ཡིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་35.3བཏང་ནས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་སོགས་སྐྱེ་ཁམས་ལས་གྲྭ་གཙོ་གནད་ལག་ལེན་བསྟར་བ་རེད། ལས་གྲྭ་ལག་ལེན་བསྟར་བ་དང་བསྟུན་ནས་མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་མཚོ་ཁྱོན་སྤྱི་ལེ་ངོས་གྲུ་74.6དང་སྤྱི་ལེ་ངོས་གྲུ་117.4ཁག་སོ་སོར་ཆེ་རུ་ཕྱིན་པ་དང་། ཀྲོའུ་དེ་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་104ཆེ་རུ་ཕྱིན་པ། ཆུ་རྩ་གསོ་འཁྱོངས་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ་བཅས་བྱུང་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད།
ལོ་ལྔའི་རིང་། མགོ་ལོག་ཀྲོའུ་ཡིས་རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཆེ་མོར་སྤྱི་འདོམས་སྐུལ་འདེད་བཏང་ནས་འབབ་རྒྱུད་ཀྱི་སྦགས་བཙོག་འབུད་ས་རེར་ཐབས་ཇུས་རེ་བཏོན་ནས་བཅོས་སྒྲིག་ཏན་ཏིག་བྱས་ཤིང་། ཆུའི་སྦགས་བཙོག་འགོག་བཅོས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་12.3དོན་འཁྱོལ་བྱས་ནས་རྨ་སྟོད་ཀྱི་རྨ་ཆུའི་ཆུ་ཁུངས་གསོ་འཁྱོངས་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གྲྭ་17ལག་ལེན་བསྟར་བ་རེད། མིག་སྔར། རྨ་ཆུའི་མཚམས་བརྒལ་ཆུ་སྤུས་རིམ་པ་Ⅰརྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔྱད་ཞིབ་བཅད་ངོས་14ཡི་ཆུ་སྤུས་ལེགས་ཚད་100%ཟིན་ཡོད་པ་རེད།
“ཐཱན་གཉིས”དམིགས་ཚད་ལ་དམིགས་ནས། མགོ་ལོག་ཀྲོའུ་ཡིས་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འབྱུང་ཁུངས་འགོག་བཅོས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། གཏེར་རིའི་ལོ་རྒྱུས་ཀྱི་ཤུལ་ལུས་སྲ་གཟུགས་སྙིགས་རོ་དང་དེ་བཞིན་གཏེར་སྙིགས་གསོག་མཛོད་སྦགས་བཙོག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་དངོས་པོའི་བཙོག་འབུད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་ཀྱིས་སྦགས་བཙོག་སྟོང་ཁེ་193.704ཕྱིར་འབུད་བྱས་ཡོད་པ་རེད། ཀྲོའུ་དེ་ཡོངས་ཀྱི་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་ཚད་ཞིང་ཆེན་དེ་ཡོངས་ཀྱི་2%ཙམ་ལས་མ་ཟིན་པར་ཐཱན་འབུད་ཚད་སྔར་བས་ཉུང་དུ་ཕྱིན་པ་དང་། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་98.6%ཟིན་པ་མ་ཟད། ད་དུང་ཀྲོའུ་དེ་ཡོངས་སུ་ས་རྒྱུ་སྦགས་བཙོག་བཟོས་པའི་ས་ཆ་དང་ས་རྒྱུ་སྦགས་བཙོག་བཟོས་པའི་དོགས་ཡོད་ས་ཆ་ཡང་མེད་པ་རེད། དེ་དང་ཆབས་ཅིག མགོ་ལོག་ཀྲོའུ་ཡི་རྨ་ཆུའི་འབབ་རྒྱུད་ཀྱི་ལོ་རྒྱུས་ཀྱི་ཤུལ་ལུས་གཏེར་རིའི་སྐྱེ་ཁམས་སླར་གསོའི་ཐད་ལ་ཡང་གྲུབ་འབྲས་ཡག་པོ་ཐོབ་ནས་དྷི་གནས་ཟངས་གཏེར་གྱི་སྐྱེ་ཁམས་སླར་གསོའི་ལས་གྲྭ་དེ་རྒྱལ་ཡོངས་ཀྱི་ཐོན་སྐྱེད་གཏེར་རིའི་སྐྱེ་ཁམས་སླར་གསོའི་དཔེ་མཚོན་དུ་བདམས་ཡོད་པ་རེད།
གཞན་ཡང་མགོ་ལོག་ཀྲོའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་ཅུས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བ་དང་། སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན(ལྗོངས)གསུམ་དང《ས་ཁོངས་བརྒལ་བའི་འབབ་རྒྱུད་ཀྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་མཉམ་འགོག་མཉམ་སྡོམ་མཉམ་བཅོས་ཀྱི་མཉམ་ལས་གྲོས་མཐུན》བཞག་པ་མ་ཟད། ད་དུང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དང་ཁོར་ཡུག་གི་མངོན་མེད་རྐྱེན་ངན་མཉམ་འབྲེལ་གྲལ་བཤེར་དང་ཁྲིམས་སྒྱུར་མཉམ་ལས་ལམ་སྲོལ་བཟོས་ནས། “3+2”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་ལས་ལམ་སྲོལ་བཙུགས་པ་རེད།
འབྲེལ་ཡོད་གསར་འགྱུར།