“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁོངས་ཀྱི་མཉམ་ལས་ལ་སྒུལ་ཤུགས་མུ་མཐུད་སྦྱིན་པ”
—— མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་དབྱི་ཡོན་གྲོས་མི་ཁྲེན་ཅ་ཤིང་ལ་བཅར་འདྲི་ཞུས་པ།

ཁྲེན་ཅ་ཤིང་།
“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་30ལྷག་ཙམ་སོང་རིང་། ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ་དེ་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད”ཅེས་མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་དབྱི་ཡོན་གྲོས་མི་དང་རིག་མཛོད་ས་ཁོངས་ཐབས་ཇུས་ཞིབ་འཇུག་སུའོ་ཡི་ལས་ཚབ་ཀྲུའུ་ཞི་ཁྲེན་ཅ་ཤིང་གིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་བརྗོད། ཁོང་གིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་ནི་ལམ་སྲོལ་གྱི་སྟབས་བསྟུན་རང་བཞིན་དང་ཁོང་ཡངས་རང་བཞིན་ལ་རག་ལས་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིར་བརྟེན་ནས་འདོན་སྤེལ་བྱས་པའི་ཀྲུང་གོའི་སྣེ་ཁྲིད་ནུས་པར་གདེང་འཇོག་ཧུར་ཐག་བྱེད་ཀྱི་ཡོད། 2026ལོར་ཀྲུང་གོས་སླར་ཡང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
“ཕན་ཚུན་བརྩི་འཇོག་དང་། སྒོ་དབྱེ་ཁོང་ཡངས། ཐུན་མོང་ཇུས་འགོད་བཅས་ཀྱི་རྨང་གཞིའི་ཐོག་བསྐྲུན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་ཚོང་དོན་དང་མ་འཇོག་རང་མོས་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཆེན་པོ་རྒྱུན་འཁྱོངས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་སྒུལ་ཤུགས་མུ་མཐུད་སྦྱིན་གྱི་ཡོད”ཅེས་ཁྲེན་ཅ་ཤིང་གིས་བརྗོད།
ཁྲེན་ཅ་ཤིང་གིས་བལྟས་ན། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལྗང་མདོག་ཕྱོགས་སྒྱུར་དང་དཔལ་འབྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་སྣེ་ཁྲིད་ནུས་པ་བཏོན་ཡོད། “ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི‘སྒོ་དབྱེ་དང་མཉམ་འདྲེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་རྣམ་པ་འཛུགས་སྐྱོང་དང་། ལྗང་མདོག་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕར་སྣོན་སྒུལ་ནུས་སྐྱེད་སྲིང་། ཀུན་ཕན་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ’ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཡུན་རིང་དར་སྤེལ་གཏོང་བའི་སྙིང་སྟོབས་དང་ཡོངས་སུ་མཐུན་ཡོད།”
ཁྲེན་ཅ་ཤིང་གིས། མ་ལེ་ཞི་ཡ་དང་ཀྲུང་གོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིར་བརྟེན་ནས་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་དང་མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་ངོགས་ལྕགས་ལམ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཡོད། རྣམ་གྲངས་དེ་དག་གིས་མ་ལེ་ཞི་ཡའི་ལྕི་བའི་བཟོ་ལས་དང་། གྲུ་ཁ། ཡུལ་སྐོར་ལས་རིགས་སོགས་ཁྱབ་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་མ་ཟད། མ་ལེ་ཞི་ཡའི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ་དང་དོ་སྙོམས་འཕེལ་རྒྱས་ལའང་སྐུལ་འདེད་བཏང་ཡོད་ཅེས་བརྗོད།
མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་རྒྱུན་ཆད་མེད་པར་མགོ་བོ་འདེགས་བཞིན་ཡོད། “རང་མོས་སྒོ་དབྱེའི་ཉོ་ཚོང་དང་མ་འཇོག་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་གལ་འགངས་ཆེ་བ་ཡིན”ཞེས་ཁྲེན་ཅ་ཤིང་གིས་བརྗོད་ཅིང་། ཁོང་གིས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་རྒྱུན་མཐུད་གཏོང་བ་དང་ས་ཁོངས་སྦྲེལ་མཐུད་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། མི་འབོར་དུང་ཕྱུར་7ཙམ་དང་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་ཁྲོམ་ར་ཆེན་པོ་གཉིས་ཀྱི་ངོས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ཚེ་ཐུན་མོང་གི་ཁེ་ཕན་ཆེ་ཤོས་མངོན་འགྱུར་བྱེད་ཐུབ་ཅེས་བརྗོད། ཡང་ཁོང་གིས། རང་མོས་ཚོང་དོན་མཐའ་འཁྱོངས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་ནི་ས་ཁོངས་དར་རྒྱས་ལ་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡིན་པ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཡུན་རིང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་པའི་འགག་རྩ་དེ་བས་ཀྱང་ཡིན་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།