ལག་གདང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་བཏང་སྟེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ།
ཉིན་ཤས་གོང་། ཀྲུང་གོ(པེ་ཅིང་གི་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ)དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་མ་འཇོག་ངོ་སྤྲོད་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ངོ་སྤྲོད་ཚོགས་འདུའི་ཐོག“ལག་གདང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་བཏང་སྟེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོར་བཅའ་སྡོད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་མང་པོའི་གཞུང་ཚབ་པ་དང་ཁེ་ལས་ཀྱི་འཐུས་མི་སོགས་སྐུ་མགྲོན་བརྒྱ་ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་རྩ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད་པའི་ངོས་འཛིན་བྱས་པ་རེད།
ལྗང་མདོག་ཕྱོགས་སྒྱུར་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འགྲོ་ལམ་ལྡོག་མེད་ཅིག་རེད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཀྱང་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་རང་བྱུང་ཐོན་ཁུངས་དང་། ཐོན་སྐྱེད་ནུས་པ། ཐོན་ལས་གྲུབ་ཆ་བཅས་ཀྱི་ཐད་རང་སོ་སོའི་ལེགས་ཆ་དང་ཕན་ཚུན་གསབ་རེས་རང་བཞིན་ཆེན་པོ་ལྡན་ཡོད་པས། དེ་ནི་རང་བྱུང་གི་ལྗང་མདོག་དཔལ་འབྱོར་གྱི་མཉམ་ལས་རོགས་ཟླ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཐོན་ལས་རིགས་སྒྱུར་རིམ་སྤོར་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བཞིན་ཡོད་པ་དང་། ལྗང་མདོག་དཔལ་འབྱོར་དེའང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་མཉམ་ལས་ཀྱི་འཕར་གཞི་གསར་པར་གྱུར་ཡོད།
ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་གནས་ཀྱི་དྲུང་ཆེ་ཧྲི་ཀྲུང་ཅུན་གྱིས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0རིམ་སྤོར་གྱི་གྲོས་ཆོད་ཡི་གེར་དངོས་སུ་མིང་རྟགས་བཀོད་དེ“ལྗང་མདོག་དཔལ་འབྱོར”གྱི་ཁོངས་སུ་ཐེངས་དང་པོར་བཅུག་ནས། ལྗང་མདོག་ཚོང་དོན་དང་། མ་འཇོག ཚད་གཞི་སོགས་ཁྱབ་ཁོངས་ཐད་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ལ་ལམ་ལུགས་ཀྱི་འདེགས་སྐྱོར་བྱས་ཡོད་ལ། འབྱུང་འགྱུར་ཕྱོགས་གཉིས་པོས་ལྗང་མདོག་ཐོན་ལས་མཉམ་ལས་བྱེད་པའི་ཐད་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཀྱང་ཡོད་ཅེས་བརྗོད།
“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱིས་ཐེ་ལན་དང་ཀྲུང་གོ་ཕྱོགས་གཉིས་པོའི་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་སོགས་འགག་རྩའི་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད”ཅེས་ཀྲུང་གོར་བཅའ་སྡོད་ཐེ་ལན་གྱི་གཞུང་ཚབ་ཆེ་མོ་བ་ཧན་ཚན་ཚའེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་བརྗོད་པ་དང་། ཁོང་གིས“ཐེ་ལན་གྱི་ཚོང་དོན་རོགས་ཟླ་ཡག་ཤོས་དང་གོ་ལ་ཧྲིལ་པོའི་ལྗང་མདོག་ལག་རྩལ་གྱི་འགོ་ཁྲིད་མཁན་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་ཐེ་ལན་གྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ཡོང་བར་རོགས་རམ་བྱེད་པའི་ཐད་ནུས་པ་ཡག་པོ་བཏོན་ཡོད། ཕྱོགས་གཉིས་པོས་ས་ཁོངས་ཀྱི་ལྗང་མདོག་ཐོན་ལས་འཁོར་སྦྲེལ་སྡེབ་སྒྲིག་ལ་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་ཤར་ལྷོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྒུལ་ཤུགས་རྒྱུན་མཐུད་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།
ཀྲུང་གོར་བཅའ་སྡོད་མ་ལེ་ཞི་ཡའི་གཞུང་ཚབ་ཆེ་མོ་བ་ནུའོ་མན་གྱིས། མ་ལེ་ཞི་ཡས་ཀྲུང་གོ་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། “ཀྲུང་གོས་ལོ་16བསྟུད་མར་མ་ལེ་ཞི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་དམ་ཟབ་དེ་རིགས་ཀྱིས་ཕྱོགས་གཉིས་པོའི་ལྗང་མདོག་མཉམ་ལས་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།