དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བཅུ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་10.4%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-24

    གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་བ་བཅུ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8572ཟིན་པ་དེ་དུས་མཚུངས་ལས་10.4%འཕར་ཞིང་། དེ་ནི་ད་ལོ་ཚུན་གྱི་ཟླ་བ་རྐྱང་པའི་འཕར་ཚད་10%ལས་བརྒལ་ཐེངས་དང་པོ་ཡིན་ལ་ད་ལོའི་ཟླ་རེའི་གློག་སྤྱོད་ཚད་འཕར་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པའང་རེད།

    ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་120ཟིན་པ་དེ་དུས་མཚུངས་ལས་13.2%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5688ཟིན་པ་དེ་དུས་མཚུངས་ལས་6.2%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་6.4%འཕར་བ་དང་། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1609ཟིན་པ་དེ་དུས་མཚུངས་ལས་17.1%འཕར་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1155ཟིན་པ་དེ་དུས་མཚུངས་ལས་23.9%འཕར་ཡོད།

    ཟླ་བ་10པར་ཐོན་ལས་གཉིས་པའི་ཁྲོད་ཀྱི་ལག་རྩལ་མཐོ་གྲས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་11.0%འཕར་ཡོད་པ་དང་། ཐོན་ལས་གསུམ་པའི་ཁྲོད་ཀྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་དང་། ཆ་འཕྲིན་བརྒྱུད་གཏོང་དང་མཉེན་ཆས་དེ་བཞིན་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་བཅས་ཀྱི་གློག་ཚད་སྤྱོད་ཚད་དུས་མཚུངས་ལས་24.4%དང་21.0%སོ་སོར་འཕར་ཡོད།

    ཟླ་དང་པོ་ནས་བཅུ་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་86246ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ཞིང་། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་10.5%དང་། 3.7% 8.4%སོ་སོར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་དུས་མཚུངས་ལས་6.9%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།