ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཐོག་འཛམ་གླིང་གི་ཟིན་ཐོ་ཁག་8གསར་དུ་བཏོད་པ།
རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ།
ཚེས་21ཉིན། ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐུང་ལི་ཤིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཐོག་འཛམ་གླིང་གི་ཟིན་ཐོ་ཁག་8གསར་དུ་བཏོད་པ་དང་། ཨེ་ཤེ་ཡའི་ཟིན་ཐོ་ཁག་13གསར་དུ་བཏོད་པ་དང་དེ་ལས་ཚད་བརྒལ་བྱུང་བ། རྒྱལ་ཡོངས་ཀྱི་ཟིན་ཐོ་ཁག་14གསར་དུ་བཏོད་ཡོད། རྣམ་གྲངས་ཆུང་གྲས་12ཀྱི་ཨང་དང་པོ་ཐོབ་པའི་གྲུབ་འབྲས་དེ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་པའི་གྲུབ་འབྲས་ལས་ཚད་བརྒལ་བྱུང་ནས་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཡོད་པ་རེད།
ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཐོག་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་ཁྱོན་རྣམ་གྲངས་ཆེན་པོ་ཁག་23དང་རྣམ་གྲངས་ཆུང་ཆུང་ཁག་166བཀོད་སྒྲིག་བྱས་ཡོད་པ་དང་། “དམངས་ཁྲོད་མཁས་ཅན”ཁྱོན་བསྡོམས་ཁྲི་1.1ཙམ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་འགྲན་བསྡུར་བྱེད་སྒོའི་མཐའ་བསྡུར་ནང་ཞུགས་པ་དང་། དེའི་ནང་ལོ་ཆེ་ཤོས་ནི་ལོ་81དང་ཆུང་ཤོས་ནི་ལོ་8ཡིན་པ་རེད། ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མཐའ་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་14252དང་། འཐུས་མི་ཚོགས་པ་ཁག་གི་ལས་དོན་པ་8491 ལག་རྩལ་དཔོན་རིགས་6565 ཐོ་འགོད་བྱས་པའི་གསར་འགོད་པ་3300ལྷག་ཙམ། དང་བླངས་པ་ཁྲི་4.95བཅས་ཡོད་པ་རེད།
ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཀོང་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་ཝང་ཤི་ཡིས། གཡོད་ཀང་ཨའོ་ས་ཁུལ་གསུམ་གྱིས་མཉམ་འབྲེལ་འགྲན་བསྡུར་གཉེར་བ་དེ་འབྲེལ་ཐག་ཏུ་བྱས་ནས་འགྲན་ར་བཀོད་སྒྲིག་དང་། འགྲིམ་འགྲུལ་འབྲེལ་མཐུད། ཆ་འཕྲིན་མ་ལག རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཁྱབ་ཁོངས་སུ་མཐུན་སྦྱོར་གསར་གཏོད་ཀྱི་ལག་ལེན་མང་པོ་བསྟར་ཡོད་ཅེས་བརྗོད་པ་རེད།
ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་དོན་སིའི་སི་ཀྲང་ཁྲེན་གོ་ཅི་ཡིས་ངོ་སྤྲོད་བྱས་དོན། ཤང་ཀང་འགྲན་བསྡུར་ཁུལ་དུ་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགྲན་བསྡུར་རྣམ་གྲངས་8གཉེར་ཡོད་པ་དང་། དེའི་ནང་བྱེ་ཐང་ཕའེ་ཆིའུ་སྤོ་ལོ་དང་སྐྱེས་པའི་ལག་རྩེད་སྤོ་ལོ་སོགས་དང་དེ་བཞིན་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་1ཚུད་ཡོད། འགྲན་བསྡུར་ནང་ཁྱོན་བསྡོམས་རྩལ་འགྲན་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་39དང་མང་ཚོགས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་6ཐོན་ཡོད་པ་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་སྔར་ནས་བཟུང་གཞི་ཁྱོན་ཆེ་ཤོས་ཀྱི་འཐུས་མི་ཚོགས་པ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་མངགས་ནས། རྩལ་འགྲན་རྣམ་གྲངས་ཁྲོད་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་མེས་རྒྱལ་གྱི་པང་དུ་ལོག་ཚུན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་གྲུབ་འབྲས་ཡག་ཤོས་དེ་བཏོད་ཡོད་པ་རེད།
ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྤྱི་ཚོགས་རིག་གནས་སིའི་སི་ཀྲང་ཁོ་ལན་གྱིས་བརྗོད་དོན། ཨའོ་མོན་འགྲན་བསྡུར་ཁུལ་གྱིས་ཁྱོན་འགྲན་བསྡུར་ཐེངས་479སྒྲིག་འཛུགས་བྱས་ནས་གསེར་གྱི་རྟགས་མ་22ཐོན་ཏེ་ཆེད་ལས་དང་ཕན་ནུས་ཆེ་བའི་རྒྱུགས་ལན་ཞིག་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།