འོ་ཇ་ཚ་པོ་འཐུང་ཞོར་དུ་བཅོས་སྐྱོང་གི་ཐབས་བཟང་འཚོལ།
དགུན་ཁར་ཉི་མ་ནུབ་ཕྱོགས་སུ་བཞུད་ལ་སྔ། དགོང་མོའི་ཆུ་ཚོད་བརྒྱད་པ་ཙམ་ལ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཅི་མུའུ་སར་རྫོང་ཅི་མུའུ་སར་གྲོང་རྡལ་ཤེས་དཔལ་ལམ་སྡེ་ཁུལ་ཧྭ་ཆིང་མིང་མོན་ཁུལ་ཆུང་དུ་གཞན་དང་མི་འདྲ་བའི“ཁྱིམ་མཚེས་ཀྱི་འོ་ཇའི་འདུ་ཚོགས”ཤིག་ཚོགས་ཉེར་ཡོད་པ་རེད།
སྡེ་ཁུལ་གྱི་གྲོས་ཚོགས་ཁང་དུ་ཤིང་ཏོག་དང་། ཀོའོ་རྩེ། འོ་ཇ་བཅས་སྒྲོག་ཙེའི་སྟེང་དུ་ལེགས་པར་བཤམས་ཤིང་། “འདི་རིང་གི་འོ་ཇའི་འདུ་ཚོགས་འཚོག་དོན་ནི། སྡོད་ཁང་འཛུགས་སྐྲུན་ཅུས་དང་སྡེ་ལས་ཀྱི་བློ་མཐུན་ས་གནས་ས་ཐོག་ཏུ་ཡོང་སྟེ། ཚང་མས་ནུས་ལྡན་གྱི་ཇུས་གཞི་ཞིག་བཏོན་ནས་ཁང་པའི་ཐོག་ཁ་ནས་ཆུ་འཛག་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད་རེད”སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧ་ཡུས་ཀང་གིས་དེ་གར་བཞུགས་པའི་བློ་མཐུན་ཡོངས་ལ་འདྲི་སྨེད་བཏང་སྟེ། ཐོག་ཁང་ཨང་2པའི་དུད་ཚང་36གི་ཁྱིམ་མི་གཅིག་ཀྱང་མི་ལུས་པར་ཚང་མའི་ལག་ཏུ་འོ་ཇ་ཕོར་པ་གང་རེ་འཁྱེར་ནས། འགའ་ཤས་ཡར་ལངས་པ་དང་འགའ་ཤས་མར་བསྡད་ནས་ཡོད་པ་རེད།
“ཐོག་ཁང་གི་ཐོག་ཁ་ནས་ཆུ་འཛག་པ་དེ་ནི་སྡེ་ལས་ཀྱིས་འགན་འཁུར་དགོས་ཀྱི་མ་རེད་དམ། ཁྱིམ་དུད་ཀྱིས་དོ་དམ་བྱེད་དགོས་དོན་གང་ཡིན་ནམ”ཞེས་མི་འགའ་ཞིག་གིས་དོགས་གནད་དང་བཅས་དྲིས།
“ང་ཚོས་དོ་དམ་བྱེད་འདོད་འདུག འོན་ཀྱང་ཚང་མས་མིང་རྟགས་བཀོད་ནས་མོས་མཐུན་བྱས་ན་ད་གཟོད་གཞི་ནས་ཉམས་གསོའི་མ་དངུལ་བཀོལ་སྤྱོད་བྱེད་ཐུབ”ཅེས་སྡེ་ལས་ཀུང་སིའི་ལས་དོན་པ་ཀྲོའུ་ལན་དབྱིན་གྱིས་བརྗོད།
“ཚང་མར་དོགས་གནད་དང་བསམ་འཆར་ཡོད་ན། ང་ཚོས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་བློ་མཐུན་ལུའོ་ཆིའུ་ལི་ལ་འགྲེལ་བཤད་ཞིབ་ཕྲ་གནང་རོགས་ཞུ་གི་ཡིན”ཞེས་ཧ་ཡུས་ཀང་གིས་བརྗོད།
“ང་ཚོའི་ཁུལ་ཆུང་ཐོག་ཁང་གི་ཐོག་ཁ་ནི་སྤྱི་པའི་ས་ཁོངས་ཡིན་པས། སྡེ་ལས་ཀུང་སིས་རྒྱུན་གཏན་གྱི་ཉམས་བཟོ་བྱེད་འགན་འཁུར་གྱི་ཡོད། གལ་ཏེ་ཆུ་འཛག་པ་སོགས་ཀྱི་གནད་དོན་ཐོན་ཚེ་སྡེ་ལས་ཀུང་སིས་སྣེ་ཁྲིད་ནས་ཉམས་བཟོའི་འགྲོ་གྲོན་དེ་ཁུལ་ཆུང་གི་སྡོད་ཁང་ཆེད་དོན་ཉམས་བཟོའི་ཐེབས་རྩ་ནས་གཏོང་རྒྱུ་ཡིན། འོན་ཀྱང་ཁང་བདག་ཚང་མས་མིང་རྟགས་བཀོད་ནས་མོས་མཐུན་བྱེད་དགོས”ཞེས་ལུའོ་ཆིའུ་ལིས་འགྲེལ་བཤད་བརྒྱབ།
སྐད་ཆ་དེ་དག་ཉན་རྗེས། མི་མང་ཆེ་བས་ལག་པ་བཀྱགས་ནས་མོས་མཐུན་བྱས། འོན་ཀྱང་གནས་ཚུལ་གསར་པ་སླར་ཡང་ཐོན་པ་སྟེ། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་གྱིས་རྐྱེན་པས་ཐོག་ཁང་ཨང་2པའི་ནང་ནས་ཁྱིམ་ཚང་གསུམ་གྱིས་ཉམས་བཟོའི་མ་དངུལ་ད་དུང་སྤྲད་མེད། ཚང་མས་གྲོས་མོལ་བྱེད་པའི་ཁྲོད། དེའི་ནང་གི་ཁྱིམ་ཚང་གཉིས་ཀྱིས་འཕྲལ་མར་ཉམས་བཟོའི་མ་དངུལ་གསབ་སྤྲོད་བྱས་པ་དང་། ཁྱིམ་ཚང་གསུམ་པ་དེས་སྔོན་ལ་ཐེངས་འདིའི་ཉམས་བཟོའི་གྲོན་དངུལ་ཆ་སྙོམས་བྱས་ནས་བགོས་ན། རྗེས་སུ་ཉམས་བཟོའི་མ་དངུལ་གསབ་སྤྲོད་བྱེད་ཀྱི་ཡིན་ཞེས་བརྗོད།
“ད་ཐེངས་ཉམས་བཟོ་བྱེད་པའི་ཐོག་ཁའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་550.62ཡོད་པར་སྔོན་དཔག་བྱས་ན་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི་4ལྷག་ཙམ་གཏོང་དགོས་ཀྱི་ཡོད། ཁྱིམ་ཚང་36ལ་ཆ་སྙོམས་བགོས་ཚེ་ཁྱིམ་ཚང་རེར་སྒོར་1000ལྷག་ཙམ་ཟིན་གྱི་ཡོད”ཚོད་རྩིས་ཞིབ་ཕྲ་བརྒྱབ་རྗེས་ཀྲོའུ་ལན་དབྱིན་གྱིས་འོ་ཇའི་འདུ་ཚོགས་ཐོག་སྔོན་དཔག་བྱས་པའི་ཉམས་བཟོའི་འགྲོ་གྲོན་ས་གནས་ས་ཐོག་ཏུ་ཁྱབ་བསྒྲགས་བྱས་པར་ཚང་མས་མགྲིན་གཅིག་ཏུ་ཁས་ལེན་བྱས་པ་རེད།
རྙོག་དྲ་ཆེ་བའི་ཉམས་བཟོའི་འགྲོ་གྲོན་གྱི་གནད་དོན་སྐོར་ལ་ཚང་མས་གྲོས་བསྡུར་འཁྲུག་པོ་བྱས་པས། ཞིམ་མངར་ལྡན་པའི་འོ་ཇ་ཕོར་པ་གང་འཐུར་ཞོར་དུ་གནད་དོན་ཐག་གཅོད་ཡག་པོ་བྱུང་ཡོད།
“ཁྱིམ་མཚེས་ཀྱི་འོ་ཇའི་འདུ་ཚོགས”ཞེས་པའི་མིང་དེ་འདེམས་སྐབས་ཧ་ཡུས་ཀང་ལ་རང་ཉིད་ཀྱི་བསམ་གཞིག་ཅིག་ཡོད་པ་སྟེ། ཁྲང་ཅིར་མི་རྣམས་ཁྱིམ་ཚང་དབར་ཕར་འགྲོ་ཚུར་འོང་བྱས་ནས་འོ་ཇ་འཐུང་བའི་གོམས་སྲོལ་ཡོད། འོ་ཇ་ཕོར་པ་གང་བཏུངས་ན་ཚང་མར་ཐུན་མོང་གི་གླེང་གཞི་ཡོད། “2023ལོའི་ཟླ་10པའི་འོ་ཇའི་འདུ་ཚོགས་ཐེངས་དང་པོ་ནས་བཟུང་། ང་ཚོས་ཁྱིམ་མཚེས་ཀྱི་འོ་ཇའི་འདུ་ཚོགས་ཐེངས་450སྒྲིག་འཛུགས་བྱས་ནས་གནད་དོན་ཁག་78ཐག་གཅོད་བྱས་ཡོད”ཅེས་ཧ་ཡུས་ཀང་གིས་བརྗོད། འོ་ཇ་ཇ་དམ་གང་དང་། སྒྲོག་ཙེ་རྐུབ་སྟེགས་འགའ་བསྒྲིགས་ནས་ཚང་མས་ཅི་འཕྲོས་མོལ་འཕྲོས་བྱས་པ་དེ་ཐོག་ནས་གྲོང་པ་ཁྱིམ་མཚེས་དབར་ཕན་ཚུན་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད། བཅོས་སྐྱོང་གི་ཐབས་བཟང་ཡང་མང་པོ་རྙེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།