རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཧྲེན་ཀྲེན་དུ་མཇུག་འགྲིལ་བ།

ཟླ་11ཚེས་21ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མཇུག་འགྲིལ་མཛད་སྒོ་ཀོང་ཏུང་ཧྲེན་ཀྲེན་ཆན་ཧའེ་སྤྲོ་སྐྱིད་ཟློས་གར་ཁང་དུ་འཚོགས་ཤིང་། འདི་ནི་མཇུག་འགྲིལ་མཛད་སྒོ་འཚོག་ཡུལ་ཡིན་པ།
ཚེས་21ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཧྲེན་ཀྲེན་དུ་མཇུག་འགྲིལ་བ་རེད།
དགོང་མོའི་ཆུ་ཚོད་8པ་ཙམ་ལ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མཇུག་འགྲིལ་མཛད་སྒོ་ཧྲེན་ཀྲེན་ཆན་ཧའེ་སྤྲོ་སྐྱིད་ཟློས་གར་ཁང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་རེད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་གླུའི་འགྱུར་ཁུག་ཁྲོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དར་དལ་གྱིས་ཕབ་པ་དང་། ཉིན་བཅུ་གསུམ་རིང་ལྷབ་ལྷབ་དུ་འབར་བའི་དཔལ་འབར་ཨ་མ་ཡང་བསད་པ་རེད།
ཧོང་ཁུན་མིང་དང་། ཀྲེང་ཅན་པང་། ཧྲེན་དབྱི་ཆིན། ཀྲུའུ་ཡུང་ཤིན། ལིའུ་ཀྲེན་ལི་བཅས་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད་པ་རེད།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ནི་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་གནས་གསུམ་གྱིས་མཉམ་དུ་གཉེར་བའི་ལུས་རྩལ་འགྲན་ཚོགས་ཆེ་གྲས་ཐོག་མ་དེ་ཡིན་ཞིང་། དེ་ནི་ལུས་རྩལ་ཁྱབ་ཁོངས་ཁྲོད“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གསར་གཏོད་ལག་ལེན་ཞིག་རེད། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས“ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང”བཅས་འགྲན་བསྡུར་གཉེར་བའི་འདུ་ཤེས་སུ་འཛིན་པ་དང་། “སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ”བཅས་འགྲན་བསྡུར་གཉེར་བའི་བླང་བྱར་བྱས་ཏེ། འགྲན་བསྡུར་གཉེར་བའི་ལས་དོན་དེ་ས་གནས་གསུམ་གྱི་དམངས་ཡོངས་ལུས་སྦྱོང་བྱེད་སྒོར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་གྱིས། “ཕྱིའི་སྒྲིག་ཆས་འབྲེལ་མཐུད”དང་། “ནང་གི་སྟོབས་ཤུགས་འབྲེལ་མཐུད” “སེམས་པ་སྦྲེལ་བ”བཅས་ལེའུ་གསུམ་མཉམ་དུ་བཏོད་ནས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་ཆེད་རམ་འདེགས་བྱས་ཡོད་པ་རེད།
དགའ་སྤྲོའི་རྣམ་པའི་ཁྲོད་འགྲན་ཞུགས་འཐུས་མི་ཚོགས་པ་ཁག་གི་འཐུས་མི་ཚོགས་རར་འཛུལ་ཤིང་། ཚང་མ་ཡང་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཟླ་11ཚེས་9ཉིན་ཀོང་ཀྲོའུ་རུ་འགོ་ཚུགས་ཤིང་། རྩལ་འགྲན་འགྲན་བསྡུར་རྣམ་གྲངས་34དང་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་23བཀོད་སྒྲིག་བྱས་པ་དང་། ཁྱོན་ལུས་རྩལ་པ་ཁྲི་1.4ལྷག་ཙམ་དང་མང་ཚོགས་ལུས་རྩལ་པ་ཁྲི་1.1ཙམ་ཞུགས་ཡོད། མི་5དང་རུ་ཁག་3གྱིས་རྣམ་གྲངས་ཁག་8ཀྱི་འཛམ་གླིང་ཟིན་ཐོ་ཐེངས་8བཏོད་པ་དང་། མི་10དང་རུ་ཁག་4ཡིས་རྣམ་གྲངས་ཁག་13གྱི་ཨེ་ཤེ་ཡའི་ཟིན་ཐོ་ཐེངས་14བཏོད་པ། མི་10དང་རུ་ཁག་4ཡིས་རྣམ་གྲངས་ཁག་14ཡི་རྒྱལ་ཡོངས་ཀྱི་ཟིན་ཐོ་ཐེངས་15བཏོད་པ་བཅས་རེད།
མཇུག་འགྲིལ་མཛད་སྒོར་ད་དུང《སྐར་ཚོགས་ཀྱི་རྒྱ་མཚོ》བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འགྲེམས་འཁྲབ་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།