བྷོ་ཧེ་དབྱི་ཝོ་ཝེ་ཁེའི་རླུང་གློག་རྣམ་གྲངས།

འདི་ནི་བྷོ་ཧེ་དབྱི་ཝོ་ཝེ་ཁེའི་རླུང་གློག་རྣམ་གྲངས་ཀྱི་རླུང་གློག་འཕྲུལ་ཚན་ཡིན་པ། ཀྲའོ་ཁྲེང་གིས་པར་བརྒྱབ།

འདི་ནི་བྷོ་ཧེ་དབྱི་ཝོ་ཝེ་ཁེའི་རླུང་གློག་རྣམ་གྲངས་ཀྱི་ས་གནས་དེ་གའི་ལས་མིས་གློག་ཤུགས་འཕར་ཚུགས་ཀྱི་སྒྲིག་ཆས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་བཞིན་པ། ཀྲའོ་ཁྲེང་གིས་པར་བརྒྱབ།
བྷོ་ཧེའི་ལྷོ་ནུབ་ཀྱི་གྲོང་ཁྱེར་ལི་ཧྥུའུ་ནུའོ་ནས་རླངས་འཁོར་བཏང་སྟེ་སྤྱི་ལེ་20ཙམ་བསྐྱོད་ཚེ་ས་བབ་མཐོ་ཚད་སྨི་1300ལྷག་ཙམ་ཡོད་པའི་དབྱི་ཝོ་ཝེ་ཁེའི་རི་འདབས་སུ་སླེབས་པ་དང་། ཧ་ཅང་མཐོ་བའི་དབྱི་ཝོ་ཝེ་ཁེའི་རླུང་གློག་རྣམ་གྲངས་ཀྱི་རླུང་ཤུགས་གློག་འདོན་འཕྲུལ་ཚན་མཐོང་ཐུབ། རླུང་འཁོར་ཉམས་གསོའི་དགེ་རྒན་དབྱི་དབན·མུའུ་ལ་ཏི་ན་ཡིས་རླུང་གློག་རྣམ་གྲངས་ཀྱི་རླུང་འཁོར་ཚང་མ་ཀྲུང་གོའི་ཁེ་ལས་ནས་ཉོ་སྒྲུབ་བྱས་པ་དང་ལག་རྩལ་གསར་ཤོས་སྤྱད་པས་གློག་འདོན་ཚད་དེ་བས་མཐོ་བ་དང་ཉམས་གསོ་བྱེད་སྐབས་དེ་བས་སྟབས་བདེ་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
དབྱི་ཝོ་ཝེ་ཁེའི་རླུང་གློག་རྣམ་གྲངས་ནི་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཚོགས་པ་དང་ཀྲུང་གོའི་ཀུན་སྤྱོད་ལག་རྩལ་ཚོགས་པ་གཉིས་ཀྱིས་ཐུན་མོང་ཐོག་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན་པ་དང་། ཇུས་འགོད་བྱས་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྲའོ་ཝ་84ཟིན་པ་དེ་ནི་བྷོ་ཧེའི་ས་ཁོངས་ནང་གི་འཕྲུལ་ཚན་རྐྱང་པའི་གློག་འདོན་ཚད་དང་སྤྱིའི་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆེ་ཤོས་ཀྱི་རླུང་གློག་ས་ཚིགས་ཤིག་རེད་ལ། ཀྲུང་གོའི་ཁེ་ལས་ཀྱིས་བྷོ་ཧེར་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་དང་པོ་ཡང་ཡིན། དེར་བྷོ་ཧེའི“2022ལོའི་ཕྱི་རྒྱལ་གྱི་མ་འཇོག་མཁན་ཡག་ཤོས”ཀྱི་བྱ་དགའ་ཐོབ་མྱོང་ཡོད། 2024ལོའི་ཟླ་10པར་འཕྲུལ་ཚན་ཚང་མ་དྲ་སྦྲེལ་ཐུབ་ནས་གློག་བཏང་ཚུན་རྣམ་གྲངས་འཁོར་རྒྱུག་གནས་ཚུལ་ཡག་པོ་ཡོད་པ་དང་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་2.6ཟིན་ནས་ལོ་ལྟར་ཁྱིམ་ཚང་ཁྲི་10ལ་ནུས་རྒྱུ་གཙང་མའི་གློག་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།
རྣམ་གྲངས་ཕྱོགས་ཀྱིས་ད་དུང་ས་གནས་དེ་གའི་སྲུང་སྐྱོང་རྩ་འཛུགས་དང་མཉམ་ལས་བྱས་ནས་ཕྱུགས་རའི་ཁུལ་གྱི་རྟ་རྒོད་ཁྱུ་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་གང་ཐུབ་བྱས་ཤིང་། ས་གནས་དེ་གའི་ལས་མི་ཨ་མེ་ལ·ཙུར་ཉི་ཆིས“ཀྲུང་གོས་སྔོན་ཐོན་གྱི་ལྗང་མདོག་ལག་རྩལ་ཁྱབ་གདལ་བཏང་བ་མ་ཟད། ད་དུང་ང་ཚོར་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་དོ་སྙོམས་ཡོང་བར་རོགས་རམ་ཀྱང་བྱས་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།