2025ལོར་ཁང་གཉིས་ཀྱི་ཡོན་ཧྲི་འཕར་མ་བདམས་འབྲས་ཁྱབ་བསྒྲགས་བྱས་པ།
རིགས་གཅིག་མཁས་ཅན་144བདམས་ཐོན་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་21ཉིན། ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གིས་2025ལོའི་ཡོན་ཧྲི་འཕར་མ་བདམས་འབྲས་ཁྱབ་བསྒྲགས་བྱས་པར་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་73དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་71སོ་སོར་བདམས་ཐོན་བྱུང་བ་རེད།
ཡོན་ཧྲི་ནི་རང་རྒྱལ་གྱི་ཚན་རིག་ལག་རྩལ་དང་བཟོ་སྐྲུན་ཚན་རྩལ་ཁྱབ་ཁོངས་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཡིན་ཞིང་། ཡོན་ཧྲི་ལམ་ལུགས་ནི་ཏང་དང་རྒྱལ་ཁབ་ཀྱིས་ཤེས་བྱ་དང་ཤེས་ལྡན་པར་བརྩི་འཇོག་བྱེད་པའི་སྟོན་ཕྱོགས་བཙུགས་ནས་ཕུལ་བྱུང་ཤེས་ལྡན་པ་གཅིག་སྡུད་ཀྱིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་ཆེད་བཟོས་པའི་ལམ་ལུགས་གལ་ཆེན་ཞིག་རེད། ད་ཐེངས་ཡོན་ཧྲི་འཕར་མ་བདམས་རྗེས་རང་རྒྱལ་གྱི་ཡོན་ཧྲིའི་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་འགྲོ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁང་གཉིས་ཀྱི་ཡོན་ཧྲི་འཕར་པ་བདམས་པའི་ཁྲོད་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོའི་སྟོན་ཕྱོགས་འབུར་དུ་ཐོན་པ་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མར་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་བླང་བྱ་འབུར་དུ་ཐོན་པར་བྱས་ཡོད། ཡོན་ཧྲི་འཕར་མ་བདམས་པའི་ལས་དོན་སྤེལ་རིང་། ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲི་འཕར་མ་བདམས་པའི་སྒྲིག་ཁྲིམས་ནན་པོའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། སྒྲིག་ཁྲིམས་ཀྱི་བླང་བྱ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འོས་མིའི་རིག་གཞུང་སློབ་སྲོལ་དང་། ཀུན་སྤྱོད། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་སོགས་ཐད་ཀྱི་འགག་སྒོ་ནན་པོ་སྲུང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཧུར་ཐག་བྱེད་པ། མགོ་འདྲེན་མངགས་བཅོལ་སྔོན་འགོག་ནན་པོ་བཅས་བྱས་ཏེ་ཡོན་ཧྲིའི་དཔུང་ཁག་གི“འགག་སྒོ”ནན་པོ་བསྲུངས་ཡོད་པ་རེད།
ད་ཐེངས་ཡོན་ཧྲི་འཕར་མ་བདམས་རྗེས། རང་རྒྱལ་ལ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་908དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་1002ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།