ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན་ཀའོ་ཧྲི་ཙའོ་མེའོ་ཡིས་ལོ་རྒྱུས་ཀྱི་བསླབ་བྱ་བསྡུ་ལེན་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་མོ་སི་ཁོ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་ཉིན་ཤས་གོང་སྤེལ་བའི་ཐའེ་དབན་དང་འབྲེལ་བའི་གཏམ་བཤད་ཉེན་ཁ་ཧ་ཅང་ཆེ་བས་རི་པིན་གྱིས་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ནས་འཛམ་གླིང་དམག་ཆེན་གཉིས་པའི་བསླབ་བྱ་བསྡུ་ལེན་བྱེད་དགོས་ཞེས་བརྗོད་པ་རེད།
ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ཀྲ་ཧ་ལུའོ་ཝ་ཡིས་འཛམ་གླིང་ས་གནས་ཁག་ཏུ་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེ་དག་གིས་འཛམ་གླིང་སྐྱེ་བོ་ཀུན་ལ་ལོ་རྒྱུས་མི་བརྗེད་པ་དང་བསླབ་བྱ་བསྡུ་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། ཀའོ་ཧྲི་ཙའོ་མེའོ་ཡིས་ངེས་པར་དུ་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་ངེས་དགོས་ལ། ལྷག་པར་དུ་རང་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་གི་སྐྱུག་བྲོ་བའི་གནས་ཚུལ་ཁག་གཅིག་ལ་ལྟ་སྟངས་ཡང་དག་འཛིན་དགོས་ཞེས་བརྗོད།
ཀྲ་ཧ་ལུའོ་ཝ་ཡིས། རི་པིན་དམག་རྒྱལ་རིང་ལུགས་ཀྱིས་བསླངས་པའི་བཙན་འཛུལ་དམག་འཁྲུག་གིས་ཨེ་ཤེ་ཡ་དང་འཛམ་གླིང་ལ་ཆག་སྒོ་ཆེན་པོ་བཟོས་ཡོད་ལ། རི་པིན་ལའང་གྱོང་གུན་ཚབས་ཆེན་ཕོག་ཡོད། ཀའོ་ཧྲི་ཙའོ་མེའོ་སོགས་རི་པིན་གྱི་ཆབ་སྲིད་ལས་རིགས་མི་སྣས་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ཏེ་ནོར་འཁྲུལ་གྱི་གཏམ་སྤྱོད་ལས་མཇུག་འབྲས་ཚབས་ཆེན་ཐོན་ཉེན་ཆེན་པོ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།