ས་ཁོངས་ལས་བརྒལ་བའི་གློག་ཤུགས་བབ་བསྟུན་གསབ་རེས་ཀྱི་ལས་གྲྭ་ཁག་ལྔ་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ།
ཉེ་ཆར། ཁྲུང་ཆིང་དང་ཀུའེ་ཀྲོའུ་དང་། ཧུའུ་ནན་དང་ཀོང་ཏུང་། ཧུའུ་ནན་དང་ཀུའེ་ཀྲོའུ། ཧྥུའུ་ཅན་དང་ཅང་ཤིས། ཨན་ཧུའེ་དང་ཧུའུ་པེ་བཅས་ཀྱི་གློག་ཤུགས་བབ་བསྟུན་གསབ་རེས་ཀྱི་ལས་གྲྭ་ཁག་ལྔ་ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཞིབ་བཤེར་ཆོག་མཆན་དང་མཆན་བཀོད་བཀའ་ལན་ཐོབ་ཅིང་། དེ་ཐོག་ནས་རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་གློག་ཤུགས་གསབ་རེས་མ་ལག་འཛུགས་སྐྱོང་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད།
ལས་གྲྭ་ཁག་ལྔ་ལ་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་244བྱས་པའི་ནང་རྒྱལ་ཁབ་གློག་དྲས་མ་འཇོག་སྒོར་དུང་ཕྱུར་184དང་ལྷོ་ཕྱོགས་གློག་དྲས་མ་འཇོག་སྒོར་དུང་ཕྱུར་60བྱས་ཤིང་། ཤོང་ཚད་ཆན་ཝ་ཁྲི་300ཟིན་པའི་མཉེན་གཤིས་ཐད་རྒྱུག་བརྗེ་རེས་ས་ཚིགས་5གསར་དུ་བསྐྲུན་པ་དང་སྐུད་ལམ་གྱི་རིང་ཚད་ལ་སྤྱི་ལེ་1227ཟིན་ཡོད། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲ་དང་འབྲེལ་བའི་གཉེར་སྐྱོང་ཁུལ་ལས་བརྒལ་བའི་ལས་གྲྭ་གསུམ་གྱི་ནང་ཁྲུང་ཆིང་དང་ཀུའེ་ཀྲོའུ་དང་དེ་བཞིན་ཧུའུ་ནན་དང་ཀོང་ཏུང་གི་ལས་གྲྭ་ནི་རྒྱལ་ཁབ་གློག་དྲ་ཡིས་སྣེ་ཁྲིད་བྱས་པ་དང་། ཧུའུ་ནན་དང་ཀུའེ་ཀྲོའུ་ཡི་ལས་གྲྭ་ནི་ལྷོ་ཕྱོགས་གློག་དྲ་ཡིས་སྣེ་ཁྲིད་བྱས་ཏེ་2027ལོའི་དབྱར་གློག་སྙོམ་སྒྲིག་གི་གོང་དུ་ཐོན་སྐྱེད་བྱེད་རྩིས་ཡོད་པ་རེད།
ལས་གྲྭ་ཁག་ལྔ་བསྐྲུན་རྗེས་ཞིང་ཆེན་དབར་ཆན་ཝ་ཁྲི་300དང་ཁྱོན་ཆན་ཝ་ཁྲི་1500ཡི་ཕྱོགས་གཉིས་ཕན་ཚུན་གློག་གཏོང་གི་ནུས་པ་སོ་སོར་ཆེ་རུ་བཏང་ནས་ཛ་དྲག་དོན་རྐྱེན་གྱི་རོགས་སྐྱོར་ནུས་པ་དང་བཀོད་གཏོང་འཁོར་རྒྱུག་གི་བབ་བསྟུན་རང་བཞིན་ཆེ་རུ་གཏོང་བ་དང་། འཁོར་རྒྱུག་ཉེན་ཁ་ཆུང་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་དང་དེ་བཞིན་དམངས་འཚོ་བཅས་ཀྱི་གློག་སྤྱོད་དགོས་མཁོ་འགན་སྲུང་བཅས་བྱེད་ཐུབ།
ཧུའུ་ནན་དང་ཀུའེ་ཀྲོའུ་ལ་ཆ་མཚོན་ན། དབྱར་དུས་ནི་ཧུའུ་ནན་གྱི་གློག་ཤུགས་ཐེག་ཚད་མཐོ་ཤོས་ཀྱི་དུས་ཡིན་མོད། ཀུའེ་ཀྲོའུ་ཡི་གློག་ཤུགས་ཐེག་ཚད“དགུན་དུས་མཐོ་བ་དང་དབྱར་དུས་དམའ་བའི”ཁྱད་ཆོས་མངོན་ཞིང་། དེ་གཉིས་ལ་ཡུལ་དུས་ཕན་ཚུན་གསབ་རེས་ཀྱི་ཁྱད་ཆོས་ཅུང་ཆེན་པོ་ལྡན་པས། ཧུའུ་ནན་དང་ཀུའེ་ཀྲོའུ་ཡི་ལས་གྲྭ་དེ་ཕན་ཚུན་གསབ་རེས་བྱས་པ་བརྒྱུད་གློག་ཤུགས་མཁོ་སྤྲོད་འགན་ལེན་དང་ནུས་རྒྱུ་གསར་པའི་འདྲེན་སྤྱོད་ནུས་པ་ཆེ་རུ་གཏོང་ཐུབ།
འབྲེལ་ཡོད་གསར་འགྱུར།