ལིའུ་གོ་ཀྲུང་གིས་ནན་བཤད་གནང་དོན།
“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་མུ་མཐུད་གཏིང་ཟབ་བྱས་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་18དང་19ཉིན། རྒྱལ་ཡོངས་ཀྱིས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ཀྲེ་ཅང་ཅ་ཤིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པ་དང་ཆབས་ཅིག་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ལིའུ་གོ་ཀྲུང་གིས་གསུངས་དོན། “ཁྲི་སྟོང་འདུ་འགོད”ལ“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་འདུས་ཡོད་པས་ཞིང་ལས་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བར་ངེས་པར་དུ“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཞིང་པའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱས་ནས་དམངས་ཀྱི་འདུན་པ་དང་མཐུན་པ་དང་། དམངས་འཚོར་ཕན་འདོགས་པ། དམངས་སེམས་དྲོ་བ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་དགོས། ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བྱས་ནས་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བྱེད་པ་ལས་སྲིད་དོན་ལས་རྗེས་དང་རྟགས་མཚོན་ལས་གྲྭ་རྩ་བ་ནས་སྤེལ་མི་རུང་། གྲོང་གསེབ་ཀྱི་ཐོན་ལས་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཆུ་ཚད་སྤྱི་འདོམས་ངང་མཐོ་རུ་བཏང་ནས་གྲོང་གསེབ་ཀྱི“དར་རྒྱས་ལྔར”མཐུན་སྦྱོར་སྐུལ་འདེད་གཏོང་དགོས། རིམ་པ་ལྔ་པའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ། རྒྱུན་ཆད་མེད་པར་རྒྱལ་ཁ་ཆུང་བསགས་ཆེ་འགྱུར་ཡོང་བར་བྱེད་དགོས།
ལིའུ་གོ་ཀྲུང་གིས་ནན་བཤད་གནང་དོན། གྲོང་ཚོ་འཆར་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ཞིང་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཀྱི་སྤུས་ལེགས་འཚོ་བ་བཏོད་དགོས། འབྲུ་རིགས་ཀྱི་ཐོན་ནུས་དང་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་ཡག་པོ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་འགྱུར་མི་ཡོང་བར་བྱེད་དགོས།
ཚོགས་འདུ་འཚོག་རིང་ལིའུ་གོ་ཀྲུང་གིས་ཅ་ཤིང་གྲོང་ཁྱེར་གྱི“ཁྲི་སྟོང་འདུ་འགོད”ལག་བསྟར་གྱི་ས་ཡུལ་དངོས་ལ་བརྟག་ཞིབ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།