རྒན་གསོའི་ལས་ཁུངས་ཀྱི་སྔོན་བསྡུའི་གྲོན་དངུལ་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པའི་ཐད་སྡེ་ཚན་གཉིས་ཀྱིས་ཡིག་ཆ་བཀྲམ་ནས་བཅོལ་ཉར་དོ་དམ་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་19ཉིན། གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར། རྒན་གསོའི་ལས་ཁུངས་ཀྱི་སྔོན་བསྡུའི་གྲོན་དངུལ་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ཚོང་ལས་དངུལ་ཁང་གི་ཕྱོགས་གསུམ་པའི་བཅོལ་ཉར་དོ་དམ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་ཆེད། དམངས་སྲིད་པུའུ་དང་དངུལ་རྩའི་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་མཉམ་དུ《རྒན་གསོའི་ལས་ཁུངས་ཀྱི་སྔོན་བསྡུའི་གྲོན་དངུལ་བཅོལ་ཉར་དོ་དམ་ལས་དོན་གྱི་མཛུབ་ཁྲིད》བཀྲམ་ནས་རྒན་གསོའི་ལས་ཁུངས་ཀྱི་ཆེད་སྤྱོད་བཅོལ་དངུལ་རྩིས་ཁྲ་བཟོ་བ་དང་། བཟོ་བཅོས། མེད་པར་བཟོ་བ་དང་། བཅོལ་ཉར་དོ་དམ་གྱི་མ་དངུལ་བེད་སྤྱོད་དང་ཕྱིར་སློག མ་དངུལ་རྒྱུན་གཏན་མིན་པའི་འཁོར་རྒྱུག་གནས་ཚུལ་སོགས་ཐད་བླང་བྱ་བཏོན་པ་རེད།
མཛུབ་ཁྲིད་ནང་གསལ་པོ་བཏོན་དོན། སྔོན་བསྡུའི་གྲོན་དངུལ་ཆེད་སྤྱོད་བཅོལ་དངུལ་རྩིས་ཁྲ་ཟེར་བ་ནི་རྒན་གསོའི་ལས་ཁུངས་ཀྱིས་ཚོང་ལས་དངུལ་ཁང་དུ་གྲོན་དངུལ་ཐོ་ཁོངས་འགོད་པ་དང་། དེ་རྒན་རྒོན་གྱི་ས་ནས་སྔོན་བསྡུ་བྱས་པའི་གཏའ་དངུལ་དང་ཚོགས་མིའི་གྲོན་དངུལ། དེ་བཞིན་གཏན་འབེབས་ལྟར་ཉར་ཚགས་བྱས་པའི་ཉེན་ཁའི་ཁག་ཐེག་དངུལ་བཅས་བཅོལ་ཉར་དང་དོ་དམ་བྱེད་པའི་ཆེད་སྤྱོད་རྩིས་ཁྲར་ཟེར། རྒན་གསོའི་ལས་ཁུངས་ཀྱིས་ཆེད་སྤྱོད་བཅོལ་དངུལ་གྱི་རྩིས་ཁྲ་ཕྱིར་འཐེན་བྱས་ཚེ། སྔོན་ལ་ལྟ་འདོམས་ཀྱི་འགན་འཁུར་མཁན་དམངས་སྲིད་སྡེ་ཚན་ལ་བཅོལ་ཉར་དོ་དམ་མ་དངུལ་སྤྱོད་སྟངས་སོགས་ཀྱི་ཇུས་གཞི་སྙན་སེང་ཞུ་དགོས་པ་དང་། སྙན་སེང་ཞུ་བའི་ཉིན་ནས་བཟུང་རྒན་རྒོན་གྱི་ས་ནས་གཏའ་དངུལ་དང་ཚོགས་མིའི་གྲོན་དངུལ་བསྡུ་མི་ཆོག
བཅོལ་ཉར་དོ་དམ་གྱི་མ་དངུལ་སྤྱོད་པའི་ཐད། མཛུབ་ཁྲིད་ནང་བླང་བྱ་བཏོན་དོན། རྒན་གསོའི་ལས་ཁུངས་ཀྱིས་རྩ་དོན་ཐོག་བཅོལ་ཉར་དོ་དམ་དངུལ་ཁང་བརྒྱུད་གཏའ་དངུལ་དང་ཚོགས་མིའི་གྲོན་དངུལ་བསྡུ་དགོས། གཏོང་སྤྲོད་ལས་ཁུངས་གཞན་དག་བརྒྱུད་པའམ་ཡང་ན་དངུལ་སྨར་བསྡུས་ཚེ་ཉིན་དེ་རང་དུ(ཕྱི་ཤོས་ལ་ཉིན་གཉིས་པར)ཆེད་སྤྱོད་བཅོལ་དངུལ་རྩིས་ཁྲར་བསྒྱུར་བའམ་ཡང་ན་བཅོལ་དགོས་པ་དང་། བཅོལ་ཉར་དོ་དམ་མ་དངུལ་དེ་གློ་བུར་དུ་གནས་ཚུལ་ཐོན་པའི་རྐྱེན་གྱིས་རྒན་རྒོན་གྱི་སྨན་བཅོས་འགྲོ་གྲོན་ལ་སྤྱད་རིགས་ལ། བཅོལ་ཉར་དོ་དམ་དངུལ་ཁང་གིས་ཆད་རུང་འགྲོ་ལུགས་གཉེར་ཆོག་པ་དང་། རྒན་གསོའི་ལས་ཁུངས་ཀྱིས་རྒན་རྒོན་གྱིས་སྨན་པ་བརྟེན་རྗེས་ཀྱི་ལས་ཡུན་ཉིན་བདུན་ནང་འབྲེལ་ཡོད་དཔང་རྟགས་དཔྱད་ཡིག་ཁ་གསབ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།