སྤྱོད་ཚུལ་ལེགས་སུ་བཏང་བ་མི་དམངས་མང་ཚོགས་ཚོས་མིག་མཐོང་ལག་ཟིན་ཐུབ་པར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན”ཞེས་གསུངས་ཡོད། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར། ངེས་པར་དུ་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་དཔྱད་བརྗོད་རང་རྟོགས་ངང་དང་ལེན་བྱས་ཏེ། དེར་ཐོབ་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་པའི་འགན་ལེན་བྱེད་དགོས། མི་དམངས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པར་བྱེད་དགོས་ན། མི་དམངས་མང་ཚོགས་ཀྱིས་སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་བ་ཚོར་བར་བྱེད་དགོས་ལ། སྤྱོད་ཚུལ་འཛུགས་སྐྱོང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱེད་དགོས།
ལོ་100ལྷག་ཙམ་རིང་། རང་རེའི་ཏང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་མ་ཟད། བྱ་གཞག་ཁག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་བཟང་པོ་ཚེ་སྲོག་ལྟ་བུར་བརྩི་བ་དེ་ཡིན། མི་དམངས་མང་ཚོགས་ཚོས་ཏང་གི་སྤྱོད་ཚུལ་བཟང་པོ་དངོས་སུ་ཚོར་རིང་། ཏང་དང་བློ་སེམས་གཅིག་མཐུན་དང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱེད་པའི་དད་སེམས་དང་གདེང་ཚོད་བརྟན་དུ་ཕྱིན་ཡོད། དུས་རབས་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འཁེལ་དང་ལག་བསྟར་བྱེད་པ་འཇུག་སྒོ་དང་སྐུལ་སློང་གི་བཀའ་རྒྱར་བརྩིས་ཏེ་སྤྱོད་ཚུལ་ལེགས་སུ་བཏང་ནས་མཁྲེགས་སར་གཏུག་ཕོད་པ་དང་རྩ་ལག་མཉམ་བཅོས་ཀྱིས་མི་དམངས་མང་ཚོགས་ཀྱི་སེམས་ནང་ཏང་གི་གཟུགས་བརྙན་བསྐྱར་དུ་བཏོད་ཡོད། གཞུང་དངུལ་བཏང་ནས་བཟའ་བཏུང་བྱེད་མཁན་ཉུང་དུ་ཕྱིན་པ་དང་། གཞུང་འཁོར་བེད་སྤྱོད་ཚད་ལྡན་དུ་ཕྱིན་པ། གཞུང་དངུལ་བཏང་ནས་ཡུལ་སྐོར་བྱེད་པའི་སྤྱོད་ཚུལ་ངན་པ་བཀག་འགོག་ཐུབ་པ། དོན་དག་སྒྲུབ་བདེ་རུ་ཕྱིན་པ། གོ་རིམ་སྟབས་བདེ་རུ་ཕྱིན་པ། ལས་དོན་སྒྲུབ་བདེ་རུ་ཕྱིན་པ་བཅས་ལས་མི་དམངས་མང་ཚོགས་ཚོས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་ནན་པོ་བྱས་པ་ཚོར་ཡོད་ལ། སྤྱོད་ཚུལ་ལེགས་སུ་བཏང་བ་ལས་བྱུང་བའི་ཐོབ་སྣང་ཡང་ཇེ་ཟབ་ཏུ་ཕྱིན་ཡོད།
མི་དམངས་མང་ཚོགས་ཚོས་ཏང་གི་བྱ་གཞག་ཤེས་རྟོགས་དང་ཏང་ཡོན་ལས་བྱེད་པར་གདེང་འཇོག་བྱེད་སྐབས། བརྗོད་མང་ཤོས་ནི་སྤྱོད་ཚུལ་ཡིན་པ་དང་བག་ཆགས་ཟབ་ཤོས་ནི་ཞིབ་ཚགས་བྱུང་བ་དེ་ཡིན། སྤྱོད་ཚུལ་ལེགས་སུ་བཏང་བ་མི་དམངས་མང་ཚོགས་ཚོས་མིག་མཐོང་ལག་ཟིན་ཐུབ་པ་བྱེད་དགོས་ན། གནད་དོན་ཆུང་ཙག་བསྒྲུབ་རྒྱུ་ནས་འགོ་བརྩམས་ཏེ་དེ་བས་ཞིབ་ཚགས་ངང་སྒྲུབ་པར་ཤུགས་སྣོན་རྒྱག་དགོས། ཅའོ་ཡུས་ལུའུ་ཡིས་དོན་དག་ཆུང་ཙག་ནས་དམ་འཛིན་བྱས་ཏེ་ལས་བྱེད་པ་དང་ནང་མི་བུ་ཕྲུག་གི་བློ་སྒོ་འབྱེད་པ་དང་སློབ་གསོ་བསྐྱོན་གྱི་ཡོད། ཁོང་གིས་བུས་སྤ་སེ་མ་ཉོས་པར་ཟློས་གར་བལྟས་པ་སོགས་ཀྱི་གནད་དོན་དེར་དམིགས་ནས་ལས་བྱེད་པའི་ནང་མི་བུ་ཕྲུག་གིས་དམིགས་བསལ་བྱེད་མི་རུང་བའི་སློབ་གསོ་བསྐྱོན་པ་མ་ཟད། “ལས་བྱེད་པས་བྱེད་མི་ཆོག་པ་བཅུའི”བྱེད་ཐབས་གཏན་འབེབས་བྱས་ཏེ་སྒྲིག་ལམ་ནན་དུ་བཏང་ནས་ཏང་གི་གཟུགས་བརྙན་བཟང་པོ་བཏོད་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་གཞིའི》ནང“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ་ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་བཀག་འགོག་ནན་པོ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། དམ་འཛིན་བྱས་ན་ལེགས་སུ་འགྲོ་བ་དང་ལྷོད་གཡེང་བཏང་ན་བསྐྱར་དུ་ཐོན་གྱི་ཡོད།
གལ་ཏེ་སྤྱོད་ཚུལ་ལེགས་གཏོང་ཐད་སྐབས་འགར་དམ་འཛིན་དང་སྐབས་འགར་ལྷོད་གཡེང་བཏང་ན། ཕན་འབྲས་ཏན་ཏིག་ཐོན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སྤྱོད་ཚུལ་ངན་པ་བསྐྱར་ལོག་བྱེད་ཚད་དེ་བས་ཚབས་ཆེ་རུ་འགྲོ་བ་མ་ཟད། མི་དམངས་མང་ཚོགས་ཁྲོད་རྣམ་པ་ཙམ་བཏོན་པའི་གནས་ཚུལ་བསྐྱར་དུ་ཐོན་སྲིད། སྐབས་སྐབས་སུ་སྤྱོད་ཚུལ་ལེགས་གཏོང་བྱེད་པ་སླ་ཡང་ཡུན་རིང་མཐའ་འཁྱོངས་བྱེད་རྒྱུ་དེ་ཤིན་ཏུ་དཀའ། སྤྱོད་ཚུལ་ལེགས་གཏོང་བྱེད་པ་དེ་རྒྱུན་རྣམ་ཅན་གྱི་བྱ་བར་བརྩི་བ་ལས་གནས་སྐབས་ཀྱི་བྱ་བར་བརྩི་མི་རུང་ལ། མི་དམངས་མང་ཚོགས་ཚོས་དེའི་ཕན་འབྲས་རྟག་ཏུ་ཚོར་ཐུབ་པ་བྱེད་དགོས། དེར་བརྟེན་ཏང་ཡོན་ལས་བྱེད་པ་ཚོས“སྤྱོད་ཚུལ་བཞི”ཡོ་བསྲང་དང་། སྤྱོད་གསར་འཛུགས་རྒྱུ་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས། གོམས་གཤིས་སུ་འགྱུར་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་དོན་ཚང་མ་དང་ལྷུ་ཚིགས་ཚང་མའི་ཁྲོད་སྤྱོད་ཚུལ་འཛུགས་སྐྱོང་མངོན་དགོས་པའི་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་གི་བླང་བྱ་དང་། མང་ཚོགས་ཀྱི་རེ་སྒུག གཞི་རིམ་གྱི་ཉམས་མྱོང་བཅས་ཟུང་འབྲེལ་བྱེད་པ་དང་། བརྒྱུད་རིམ་ཚགས་ཚུད་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བཙན་ཞིང་ནན་པའི་ལམ་ལུགས་གཏན་འཁེལ་དང་ནན་པའི་ལམ་ལུགས་ལག་བསྟར་བཅས་བྱས་ནས་སྤྱོད་ཚུལ་ལེགས་གཏོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་བྱེད་དགོས།
མི་དམངས་མང་ཚོགས་ཚོས་སྤྱོད་ཚུལ་འཛུགས་སྐྱོང་ལ་ལྟ་སྐབས། ཚོགས་འདུ་ག་ཚོད་འཚོག་མིན་དང་། གཏམ་བཤད་ག་ཚོད་བྱས་མིན། ཡིག་ཆ་ག་ཚོད་བཀྲམ་མིན་བཅས་ལ་མི་ལྟ་བར་གནད་དོན་གང་ཞིག་ཐག་གཅོད་བྱུང་མིན་ལ་ལྟ་གི་ཡོད། སྤྱོད་ཚུལ་ལེགས་གཏོང་གང་འདྲ་བྱུང་མིན་མི་དམངས་མང་ཚོགས་ཚོས་གསལ་པོ་ཤེས་ཀྱི་ཡོད་ལ་ཁོང་ཛོར་དེའི་ཐད་གཏམ་བཤད་བྱེད་དབང་ཡང་ཡོད། སྤྱོད་ཚུལ་ལེགས་གཏོང་གི་རྣམ་པ་བཟང་པོ་མི་དམངས་མང་ཚོགས་ཚོས་ཚོར་ཐུབ་པ་བྱེད་དགོས་ན། མི་དམངས་མང་ཚོགས་ཚོས་མིག་མཐོང་ལག་ཟིན་ཐུབ་པའི་བྱ་བ་མང་ཙམ་སྒྲུབ་དགོས་པ་མ་ཟད། བཟའ་མའི་དཀའ་ངལ་ཐག་གཅོད་ཡག་པོ་དང་། “ཟས་གོས་འགྲོ་སྡོད”བཅས་ཀྱི་དགོས་མཁོ་ཡག་པོ་སྐོང་བ། འཚོ་བར་འཕྲད་པའི་དཀའ་ངལ་སེལ་དགོས། དེ་དང་ཆབས་ཅིག་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་ལ་དམིགས་ནས་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཏང་ཆེད་འགན་འཁུར་བའི་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། སྒེར་སེམས་སྣ་ཚོགས་དོར་བ། ཁེ་ཕན་རག་ཐབས་ཀྱི་བསམ་བློ་དོར་བ། “ངོ་སོའི་ལས་གྲྭ”དང་། “རྟགས་མཚོན་ལས་གྲྭ” “ནར་ལུས་ལས་གྲྭ”བཅས་མི་སྒྲུབ་པ། ཐེག་པ་འཁུར་ལེན་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་རྨང་གཞི་འདིང་བ་དང་ཕུགས་ཕན་གྱི་བྱ་བ་བཟང་པོ་དང་བྱ་བ་དངོས་ཡག་པོ་སྒྲུབ་དགོས།
འབྲེལ་ཡོད་གསར་འགྱུར།