ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་བསྐྱོད་ནས“གསར་བརྗེའི་ཞིབ་སྦྱོང་ཡུལ་སྐོར”ཞེས་པའི་ཞིབ་སྦྱོང་བྱེད་སྒོ་སྤེལ་བ།
གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་མཉམ་ལས་ཀྱི་ལེའུ་གསར་མཉམ་དུ་བརྩམས་པ།
པེ་ཅིང་ཀྲུང་ཀོན་ཚུན་གྲོང་ཚོར་ཀྲུང་གོ་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཉམས་ལེན་བྱས་པ་དང་། ཡན་ཨན་གསར་བརྗེའི་དྲན་གསོ་ཁང་དང་ཙའོ་ཡོན་གསར་བརྗེའི་གནས་ཡུལ་རྙིང་པ་སོགས་སུ་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་རབས་རྒན་གྲས་ཀྱི་གསར་བརྗེའི་རྗེས་ཤུལ་འཚོལ་བ། ཤིས་ཨན་ཏ་ཐང་རྒྱལ་རབས་ཀྱི་མཚན་གྲོང་དང་གོང་མ་ཆིན་ཧྲི་ཧོང་གི་བང་སོའི་རྟེན་མཛོད་ཁང་དུ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བཅས་བྱས་ཤིང་། ཉིན་ཤས་གོང་། ཀྲུང་གོའི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཝེ་ཐེ་ནམ་ཧུའུ་ཀྲེ་མིང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་བསྐྱོད་ནས“གསར་བརྗེའི་ཞིབ་སྦྱོང་ཡུལ་སྐོར”ཞེས་པའི་ཞིབ་སྦྱོང་བྱེད་སྒོ་མཉམ་དུ་སྤེལ་བ་རེད། ཞིབ་སྦྱོང་བྱེད་སྒོས“གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་མཉམ་ལས་ཀྱི་ལེའུ་གསར་མཉམ་དུ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཝེ་ཐེ་ནམ་གྱི་གཞོན་ནུའི་འཐུས་མི་200ཡིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་གསར་བརྗེའི་ས་བོན་འཚོལ་ཞིབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་ཉམས་ལེན་བྱས་ཏེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
གསར་བརྗེའི་རྗེས་ཤུལ་དེད་ནས་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་བྱས།
ཡན་ཨན་ཙའོ་ཡོན་གསར་བརྗེའི་གནས་ཡུལ་རྙིང་པར་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གསར་བརྗེའི་མཛའ་གྲོགས་ལ་བདེན་དཔང་བྱེད་པའི་ལོ་བརྒྱ་ཡི་གནའ་བོའི་ཤིང་སྡོང་འགྲམ་དུ་འཛོམས་ནས་ལོ་རྒྱུས་ཕྱིར་དྲན་བྱས་པ་རེད།
བློ་སེམས་གཅིག་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་གསར་བརྗེའི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་ཏུ་གྱུར་ཡོད། ཝེ་ཐེ་ནམ་ཧུའུ་ཀྲེ་མིང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཨུ་ཡོན་དང་ཝེ་ཐེ་ནམ་མེས་རྒྱལ་འཐབ་ཕྱོགས་ཆབ་སྲིད་ཚོགས་པའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་རོན་དབྱི་ལིང་གིས“གསར་བརྗེའི་ཞིབ་སྦྱོང་ཡུལ་སྐོར་འདི་ལྟ་བུར་ཕུགས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། ད་ཐེངས་ཀྱི་ཞིབ་སྦྱོང་བརྒྱུད་ན་གཞོན་མི་རབས་ཚོས་རྒན་རབས་མིག་དཔེར་འཛིན་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
ཝེ་ཐེ་ནམ་ཀོང་ཀྲི་ཞིང་ཆེན་མེས་རྒྱལ་འཐབ་ཕྱོགས་ཨུ་ཡོན་ལྷན་ཁང་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥན་ཧྲི་ཆིང་ལན་གྱིས“ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་གསར་བརྗེའི་ས་བོན་ཡོད་ལ། གསར་བརྗེའི་སྲོལ་རྒྱུན་ཟབ་མོ་དང་ཕན་ཚུན་ཡིད་ཆེས་དང་རོགས་རམ་བྱེད་པའི་སྙིང་སྟོབས་ཀྱང་ཡོད་པ་མ་ཟད། ཕྱོགས་གཉིས་པོས་དཀའ་ཚེགས་ཆེ་བའི་གསར་བརྗེའི་རྒྱང་ལམ་དུ་མཉམ་དུ་བསྐྱོད་པའི་རྩ་ཆེའི་དྲན་འཆར་ཡང་ཡོད། འབྱུང་འགྱུར་ལ་ཕྱོགས་ནས། ཕྱོགས་གཉིས་པོས་ཐུན་མོང་གི་ལས་འགན་ཕྲག་ཏུ་ཁུར་ཏེ་རྩ་ཆེའི་ཤུལ་བཞག་འདི་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རྒྱལ་ཁབ་གཉིས་པོ་དར་རྒྱས་འཕེལ་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་བཤད།
ཝེ་ཐེ་ནམ་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཧུའུ་ཀྲེ་མིང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཕེ་ཀོང་ཧུའེ་ཡིས“གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པར། ལོ་རྒྱུས་བློ་ལ་བརྟན་པོར་ངེས་དགོས་པ་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་གསར་བརྗེའི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཟུང་འབྲེལ་གྱིས་གསར་གཏོད་དང་ལེགས་སྐྱེས་འབུལ་རིང་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་བཤད།
འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་བརྟེན་ནས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
ད་ཐེངས་ཀྱི་ཞིབ་སྦྱོང་ཡུལ་སྐོར་ལ་ཞུགས་མཁན་གཞོན་ནུའི་འཐུས་མི་ཚོས་ཟུར་ཚད་མང་པོའི་ཐོག་ནས་ཀྲུང་གོའི་རིག་ནུས་ལྗང་མདོག་ནུས་རྒྱུའི་མ་ལག་ཐག་གཅོད་ཇུས་གཞིར་བརྟག་ཞིབ་དང་མི་ཐབས་རིག་ནུས་དང་། ཟོག་འགྲེམས་དྲ་རྒྱ། གྲངས་གཞིའི་མཛོད་ཆེ་མོ་སོགས་ལག་རྩལ་མཉམ་འདྲེས་གྲུབ་འབྲས་འཚོལ་ཞིབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་རོལ་བྱས་ཡོད།
ཡན་ཨན་སློབ་ཆེན་དུ་འཚོགས་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་གླེང་མོལ་ཚོགས་འདུར་ཞིང་ལས་ལག་རྩལ་དང་། གྲོང་གསེབ་དར་རྒྱས། དྲ་རྒྱའི་ཚོང་དོན། ལྗང་མདོག་དཔལ་འབྱོར་བཅས་ལ་གཞོན་ནུ་ཚོས་མཉམ་ལས་ཀྱི་མདུན་ལམ་ལ་གྲོས་བསྡུར་རྒྱ་ཁྱབ་བྱས་ཤིང་། ཝེ་ཐེ་ནམ་འགྲིམ་འགྲུལ་སྐྱེལ་འདྲེན་སློབ་ཆེན་སློབ་མའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཆུས་ཏེ་ཁྲེང་གིས“སྤྲོ་སེམས་འཁོལ་བའི་སྤེལ་རེས་ཀྱི་རྣམ་པའི་ཁྲོད་ངས་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་གསར་གཏོད་ལས་གཏོད་ལ་བཅངས་པའི་ཐུན་མོང་གི་འདུན་པ་ཚོར་བྱུང”ཞེས་བཤད།
ཝེ་ཐེ་ནམ་ཐུང་ནའེ་ཞིང་ཆེན་གཞོན་ནུའི་ཁེ་ལས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་ཀྲོང་པེང་གཅིག་གྱུར་ས་ཁོངས་གཞོན་ནུའི་ཁེ་ལས་མཁས་ཅན་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ་རོན་ཐིང་ཅུན་ཧྥ་ཡིས་ལོ་10ཡི་གོང་དུ་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་དངོས་སྒྲུབ་ཀྱི་རྣམ་འགྱུར་དང་། ཆེད་ལས་ཀྱི་སྙིང་སྟོབས། གསར་གཏོད་ཀྱི་བསམ་གཞིག་བཅས་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། “དཔལ་འབྱོར་མཉམ་ལས་ནི་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་བརྟན་དུ་གཏོང་བའི་ཟམ་པ་བརྟན་པོ་ཞིག་རེད་ལ། ཕྱོགས་གཉིས་པོའི་མཛའ་གྲོགས་ཟབ་མོ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་ཡིན”ཞེས་རོན་ཐིང་ཅུན་ཧྥ་ཡིས་བཤད།
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་གཞིར་གྲོས་འཆམ་བྱུང་སྟེ་འབྱུང་འགྱུར་ལོ་ལྔའི་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད། ཝེ་ཐེ་ནམ་གྱི་གཞོན་ནུའི་འཐུས་མི་ཚོས་དེའི་ཐད་ཚད་མཐོའི་དོ་ཁུར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་གསར་གཏོད་སོགས་ཀྱི་གླེང་གཞི་ཁོང་ཚོའི་གྲོས་བསྡུར་གྱི་ནང་དོན་གཙོ་བོར་གྱུར་ཡོད། ཝེ་ཐེ་ནམ་ཤན་ཀང་གྲོང་ཁྱེར་གཞོན་ནུའི་ཁེ་ལས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རོན་ཀྲུང་ཀྲེ་ཡིས་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞིའི་ནང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ནས་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མུ་མཐུད་བྱ་རྒྱུའི་ནན་བཤད་བྱས་ཡོད། “ཝེ་ཐེ་ནམ་གྱིས་གོ་སྐབས་དམ་འཛིན་བྱས་ནས་ཀྲུང་གོ་དང་མཐོ་གསར་ལག་རྩལ་དང་། བསྐྱར་སྐྱེས་ནུས་རྒྱུ། ཟོག་འགྲེམས་འགྲིམ་འགྲུལ། མཁོ་སྤྲོད་འཁོར་འབྲེལ་སོགས་ཁྱབ་ཁོངས་སུ་མ་འཇོག་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་ཆོག”ཅེས་བཤད།
རིག་གནས་ཀྱི་རྣམ་པ་ཟབ་ཏུ་བཏང་ནས་ལང་ཚོའི་ལེའུ་བརྩམས།
ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་གླེང་མོལ་ཚོགས་འདུར་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས“གསར་བརྗེའི་རིག་གནས་ཀྱི་རིན་ཐང་འཚོལ་ཞིབ་དང་གཞོན་ནུས་རྒྱུན་འཛིན་བྱེད”དང་། “དྲ་རྒྱའི་སྨྱན་སྦྱོར་གསར་པས་རིག་གནས་ཁྱབ་གདལ་གཏོང་བར་རམ་འདེགས་བྱེད” “སྲོལ་རྒྱུན་རིག་གནས་གཞོན་ནུའི་ཚོགས་སྤྱིའི་ཁྲོད་ཁྱབ་གདལ་གཏོང་བ་དང་གསར་གཏོད་བྱེད”ཅེས་པ་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་འཁྲུག་པོ་བྱས་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་མི་ཆོས་རིག་གནས་ཀྱི་རྨང་གཞི་སྔོག་འདོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་རིག་གནས་རྣམ་པ་ཟབ་ཏུ་བཏང་ཡོད།
ཀྲུང་གོ་དང་ཝེ་ཐེ་ནམ་ས་མཚམས་སྦྲེལ་བ་དང་། རིག་གནས་འདྲ་བ། དམངས་སེམས་གཅིག་འབྲེལ། ལམ་ལུགས་འདྲ་བ། ལས་དབང་གཅིག་འབྲེལ་བཅས་ཡིན། ཞིབ་སྦྱོང་རིང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་བརྩེ་སེམས་ཕན་ཚུན་སྤེལ་རེས་ཁྲོད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་ཟློས་གར་དང་དྲ་རྒྱའི་རྩོམ་རིག་སོགས་རིག་གནས་རོལ་རྩེད་ལས་རིགས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་ཚོས་ཝེ་ཐེ་ནམ་གྱི་ཁྱད་ལྡན་ཞིམ་ཟས་སྐོར་གླེང་བ་དང་ཝེ་ཐེ་ནམ་གྱི་དར་ཁྱབ་ཆེ་བའི་གླུ་གར་འཁྲབ་སྐབས་ཀྲུང་གོའི་གཞོན་ནུ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། རྒྱལ་མཚམས་སྒྲོལ་བའི་བརྩེ་སེམས་དེ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་གསོན་ཉམས་ལྡན་པའི་དཔང་རྟགས་ཤིག་ཡིན།
ཝེ་ཐེ་ནམ་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བ་ཧྥན་ཀུང་སུའུ་ཡིས་ཝེ་ཐེ་ནམ་དང་ཀྲུང་གོ་གཉིས་ཀྱིས་ཁྱིམ་ཚང་ལ་མཐོང་ཆེན་དང་། སློབ་སྦྱོང་གོང་བཀུར་དང་ཀུན་སྤྱོད་ལ་བརྩི་མཐོང་། ངལ་རྩོལ་ལ་བརྩི་འཇོག བྱམས་སེམས་རོགས་རེས་སོགས་རིག་གནས་ཀྱི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། “རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ནི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་མཁན་དང་ཝེ་ཐེ་ནམ་དང་ཀྲུང་གོའི་དབར་བསམ་ཤེས་ཟབ་ཏུ་གཏོང་བ་དང་མཉམ་ལས་གཏིང་ཟབ་བྱེད་པའི་འབྲེལ་ཐག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་ལག་གདང་གཅིག་ཏུ་སྦྲེལ་ནས་ལང་ཚོར་བརྟེན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་རྩོམ་རྒྱུ་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།