དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ལ་ཕན་ནུས་ཆེ་ཞིང་སྟབས་བདེ་བའི་ཞབས་ཞུ་མཁོ་འདོན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-21

    དེ་བས་ཁྲིམས་སྐྱོང་དང་དེ་བས་སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་ཏན་ཏིག་བསྐྲུན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། ད་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་ཁེ་ལས་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་སྣ་མང་ཅན་གྱི་ཐེམ་ཐོའི་ལས་སྒོའི་ཞབས་ཞུའི་སྐར་ཁུང་ཧུར་ཐག་བསྐྲུན་ཏེ། “ཞིབ་ཆ་ཆུང་ངུར”བརྟེན་ནས“དྲོ་སྐྱིད་ཆེན་པོ”མངོན་པ་དང་། “སྐར་ཁུང་ཆུང་ངུ”སྤྱད་དེ“དམངས་འཚོ་ཆེན་པོར”ཞབས་འདེགས་ཞུས་ཡོད།

    “སྔོན་ལ་མགྱོགས་མྱུར་སྒྲུབ་པའི”ཐེམ་ཐོའི་ལས་སྒོའི“ནུས་ཕྱོད་སྐར་ཁུང”བཏོད་ཅིང་། མཉམ་སྡེབ་ཀྱི་མི་སྤྱོད་ཁེ་ལས་དང་། མཐོ་རྒྱུགས། ལས་རིགས་ཐོབ་ཐང་སྣ་ཚོགས་ཀྱི་ཡིག་རྒྱུགས་གཏོང་མཁན་སོགས་ལག་ཁྱེར་དགོས་མཁོ་ཆེ་བའི་མི་སྣར་དམིགས་ནས། ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་ལག་ཁྱེར་གཉེར་བའི“ཐོག་མེད་བགྲོད་ལམ”བཏོད་པ་དང་། དུས་ཆེན་དང་དེ་བཞིན་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་རིང་ལག་ཁྱེར་གཉེར་ཚད་གློ་བུར་དུ་མང་དུ་སོང་བའི་གནས་ཚུལ་ལ་དམིགས་ནས། སྐར་ཁུང་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁྲིད་སྟོན་དང་། ལས་སྒོའི་བློ་འདྲི། ཁ་པར་ལེན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་སྒོ་ལས་ཕྱོད་ཆེན་པོས་གཉེར་བ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས་པ་རེད།

    “ཞིང་ཆེན་བརྒལ་བའི་ཀུན་སྒྲུབ”ཀྱིས་ཐེམ་ཐོའི་ལས་སྒོའི“སྟབས་བདེའི་སྐར་ཁུང”བཏོད་ཅིང་། མིག་སྔར། ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་བཟོ་བ་དང་ཐེམ་ཐོ་སྒྱུར་བ་སོགས་ཐེམ་ཐོའི་སྐོར་གྱི་དོན་དག་མང་པོ་ཞིང་ཆེན་བརྒལ་ནས་ཀུན་སྒྲུབ་དང་དེ་བཞིན་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཐེངས་དང་པོར་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དུ་གཉེར་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཐེམ་ཐོ་སྒྱུར་བའི་ལས་སྒོ“ཁྱིམ་དུ་ལོག་ནས་གཉེར་བ”དེ“ཐག་ཉེ་སར་གཉེར་བར”བསྒྱུར་ནས་སྲིད་ཇུས་བློ་འདྲི་ཐེངས་གཅིག་ལ་གསལ་བཤད་གཙང་མ་རྒྱག་པ་དང་། རེའུ་མིག་གི་དཔྱད་གཞིའི་ཡིག་རིགས་ཐེངས་གཅིག་ལ་གཙང་མར་སྤྲོད་པ། རེ་ཞུའི་འགྲོ་ལུགས་ཐེངས་གཅིག་ལ་གཙང་མར་གཉེར་བ་བཅས“གཙང་གཉེར་གསུམ”ཐུབ་པ་བྱས་ཡོད།

    “སྐར་ཁུང་གཅིག་ཀུན་སྒྲུབ”ཀྱིས་ཐེམ་ཐོའི་ལས་སྒོའི“ནུས་པའི་སྐར་ཁུང”བཏོད་ཅིང་། ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱི“སྐར་ཁུང་གཅིག་ཀུན་སྒྲུབ”སྐར་ཁུང་ནང་ཐེམ་ཐོ་དང་བདེ་འཇགས་སོགས་ལས་སྒོ་མང་པོ“སྐར་ཁུང་གཅིག”གི་ནང་དུ་བསྡུས་ནས་ཉེན་རྟོག་རིགས་ཀྱི་བཀག་རྒྱ་དང་ས་ཁོངས་ཀྱི་དབྱེ་མཚམས་གཏོར་ནས་གྲོང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་ཤང་གྲོང་11གི་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྟབས་བདེ་ཆེན་པོ་བསྐྲུན་པ་དང་གཉེར་ཡུན་ཇེ་ཐུང་དུ་བཏང་བ་རེད། འཁོར་རིགས་དོ་དམ་སུའོ་རུ་སྐར་ཁུང་གི་མི་དམངས་ཉེན་རྟོག་པས“མཉེན་གཤིས་ཁྲིམས་སྒྱུར”གྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ཏེ། གནས་ཚུལ་ཛ་དྲག་ཆེ་བས་དུས་ཐོག་ཏུ་ཐག་གཅོད་བྱེད་ཐབས་བྲལ་བའི་མང་ཚོགས་ལ་རང་འགུལ་ངང་དུས་ཡུན་ནར་འགྱངས་ཀྱི་ཞབས་ཞུ་བྱེད་པ་དང་ཆད་རུང་ཐག་གཅོད་སོགས་སྟབས་བདེའི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་བཏང་ཡོད། ཐེམ་ཐོ་དབྱེ་བའི་ལས་ཀ་སྒྲུབ་པའི་བརྒྱུད་རིམ་ཁྲོད། སྐར་ཁུང་མི་དམངས་ཉེན་རྟོག་པས་གོ་རིམ་སྟབས་བདེ་རུ་བཏང་བ་དང་ལས་ཕྱོད་ཆེ་རུ་བཏང་ནས་མང་ཚོགས་ཀྱིས“བྱ་བ་སྒྲུབ་པར་དེ་བས་སེམས་ཁྲལ་མི་དགོས་པ་དང་དེ་བས་མགྱོགས་ལ་སྟབས་བདེ་བ”ཏན་ཏིག་ཚོར་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།