གེགས་རྗེས་མེ་ཟོན་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ།
དིང་རི་རྫོང་གི་མེ་ཟོན་སྔོན་སྒྲུབ་ཞབས་ཞུའི་ས་ཚིགས་ཁག་བདུན་པའི་ལས་དོན་སྐོར་གྱི་ཟུར་བྲིས།
དིང་རིའི་ས་ཡོམ་གེགས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་ཆེད། དིང་རི་རྫོང་གི་མེ་ཟོན་སྔོན་སྒྲུབ་ཞབས་ཞུའི་ས་ཚིགས་ཁག་བདུན་པས“མེ་ཟོན་ཞིབ་བཤེར་མཉམ་དུ་བྱེད། བདེ་འཇགས་ཤེས་བྱ་སེམས་ནང་འཇོག”ཅེས་པ་རྩ་འཛིན་དུ་བྱས་ནས་གནད་སྨིན་ཇུས་བསྟར་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་གེགས་རྗེས་མེ་ཟོན་བདེ་འཇགས་ཀྱི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་རེད།
མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཞབས་ཞུ་ལེགས་སུ་བཏང་བས“འགོག་སྲུང་འཛིང་རགས”བརྟན་དུ་ཕྱིན་ཞིང་། ཞབས་ཞུའི་ས་ཚིགས་ཀྱི་བཀོད་འཐབ་པས“ཡུལ་མིར་ཞབས་ཞུ”རྩ་བའི་དམིགས་ཡུལ་དུ་བྱེད་པ་དང་གེགས་རྗེས་བསྐྱར་སྐྲུན་གྱི་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མེ་ཟོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཡོད། མིག་སྔའི་ཁོངས་གཏོགས་ཁུལ་གྱི་མེ་སྐྱོན་ཉེན་ཁའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་གཙོ་བོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དང་། “མི་མང་འདུ་ས་ཆུང་ངུ་དགུ” མང་ཚོགས་བཀོད་སྒྲིག་ས་ཚིགས་ཀྱི་སྒྲོམ་ཁང་སོགས་གཙོ་གནད་ཁུལ་དུ་སྐྱོད་པ་དང་། མཐིལ་རྟོགས་རྣམ་པའི་ཞིབ་བཤེར་རེ་རེ་བཞིན་བྱས་པའི་ནང་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་དང་། གཙོ་གནད་ས་ཁོངས་ཀྱི་མེ་གློག་རླངས་གསུམ་སྤྱོད་པའི་ཚད་ལྡན་བརྒྱུད་རིམ། མེ་གསོད་སྒྲིག་ཆས་ཀྱི་འཐུས་ཚང་རང་བཞིན་དང་དེ་བཞིན་སྒྲིག་སྦྱོར་འདང་ངེས་ཐུབ་ཚད་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ཚུད་ཡོད། ཞིབ་བཤེར་བྱེད་རིང་། བཀོད་འཐབ་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་བདེ་འཇགས་དྲན་སྐུལ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས“ཞིབ་བཤེར་དང་། ཞབས་ཞུ། དྲིལ་བསྒྲགས་སློབ་གསོ”བཅས་ཟུང་འབྲེལ་ཐུབ་རྒྱུར་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ཡོད། མིག་སྔའི་བར“མི་མང་འདུ་ས་ཆུང་ངུ་དགུ”36དང་། ཨར་ལས་བྱ་ཡུལ་15 སྲིད་འཛིན་གྲོང་ཚོ་16གི་བཀོད་སྒྲིག་ས་ཚིགས་བཅས་ལ་ཞིབ་བཤེར་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་ས་ཁག་གཅིག་གནད་སྨིན་གཙང་སེལ་བྱས་ཡོད་པ་རེད།
སློབ་གྲྭར་སྐྱོད་པ་དང་མེ་ཟོན་ཤེས་བྱ་ཁྱབ་གདལ་བཏང་ནས“གཡུལ་ས་གསར་པའི”ནུས་པ་ཐོན་པ་བྱས་ཤིང་། “ཕྲུ་གུ་གཅིག(གནས)ལ་སློབ་གསོ་བརྒྱབ་ནས་ཁྱིམ་ཚང་གཅིག(རྒྱུད)ལ་སྐུལ་ཁྲིད་བྱས་ཏེ་སྤྱི་ཚོགས་ཡོངས(ཁྱོན)ལ་ཤུགས་རྐྱེན་ཐེབས་པའི”གནས་རྒྱུད་ཁྱོན་གསུམ་གྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཞབས་ཞུའི་ས་ཚིགས་ཀྱིས“སློབ་གྲྭའི་རྣམ་པའི”མེ་ཟོན་སློབ་ཚན་རྒྱུན་ལྡན་གྱི་སྐོར་ཞིབ་ལས་དོན་ནང་མཉམ་འདྲེས་ཐུབ་པ་བྱས་ཡོད།
གྲོང་གསེབ་ཏུ་བསྐྱོད་པ་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ནས“འགོག་སྲུང་དྲ་བ”ཚགས་དམ་དུ་བཏང་ཞིང་། “སོ་ཕག་གཅིག་དང་རྫ་གཡམ་གཅིག་གིས་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ནས་མེ་ཟོན་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། ཞབས་ཞུའི་ས་ཚིགས་ཀྱི་བཀོད་འཐབ་པས་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་ཚང་མར་ཟབ་སྐྱོད་ཀྱིས“སྐོར་སྐྱོད་རྣམ་པའི”མེ་ཟོན་སྒྲོག་འགྲེལ་བྱས་པ་རེད།
སྒྲོག་འགྲེལ་བྱེད་སྒོ་གེགས་ཁུལ་གྱི་གྲོང་ཚོ་30ལྷག་ཙམ་ལ་ཁྱབ་པ་དང་རིམ་རྩིས་བརྒྱབ་ན་ཡུལ་མི་མི་ཐེངས་1000ལྷག་ཙམ་ལ་གསོ་སྦྱོང་བྱས་པས། གཞི་རིམ་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། གོམ་སྟབས་རྗེས་མར་ཞབས་ཞུའི་ས་ཚིགས་ཀྱིས“གནས་རྒྱུད་ཁྱོན”མཉམ་འདྲེས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་གྱི་རྣམ་པ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཁྱིམ་གཞིས་བསྐྱར་སྐྲུན་དུས་མཇུག་གི“ཡུལ་མིའི་གསར་སྐྲུན་སྡོད་ཁང་ལ་གཅིག་སྡུད་གནས་སྤོས”ཀྱི་དུས་བབ་གསར་པར་དམ་པོར་དམིགས་ནས་གནད་སྨིན་ཤུགས་འདོན་གྱིས་ཞན་ཆ་སེལ་བ་དང་། ཡུལ་མིའི་གསར་སྐྲུན་སྡོད་ཁང་གཅིག་སྡུད་ཁུལ་ལ་དམིགས་ནས། དུད་ཚང་རེ་རེ་བྱས་ཏེ་གློག་རླངས་ཀྱི་བདེ་འཇགས་ལ་ཆེད་དོན་གྲལ་བཤེར་བྱེད་པའི་ལས་དོན་སྤེལ་རྒྱུ་རེད། སྟོན་བསྡུའི་དུས་ཚིགས་སུ་ཞིང་ཁ་དང་གཡུལ་ཐང་དུ་མེ་ཟོན་དྲིལ་བསྒྲགས་བྱེད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ“གྲོང་ཚོ་རིམ་པའི་མེ་ཟོན་གསལ་ཤེས་པའི”དཔུང་ཁག་གསོ་སྐྱོང་བྱེད་པ། “ཞབས་ཞུའི་ས་ཚིགས་དང་དང་བླངས་མེ་ཟོན་རུ་ཁག”ཟུང་འབྲེལ་གྱིས་མཉམ་སྒུལ་དང་ལེན་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་བསལ་བ་མ་ཟད། བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། མི་དམངས་མང་ཚོགས་དང་ལག་གདང་སྦྲེལ་ནས་དུས་བདེའི་དིང་རི་མཉམ་སྐྲུན་བྱེད་པ། གཅིག་སེམས་གཅིག་འབྲེལ་གྱིས་ཁྱིམ་གཞིས་བསྐྱར་སྐྲུན་ལ་སྲུང་སྐྱོང་བཅས་བྱས་ནས་དུས་བདེ་དང་། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་དིང་རི་གསར་པ་བསྐྲུན་ཆེད་བརྟན་ལ་བློས་འགེལ་ཆོག་པའི་མེ་ཟོན་སྲུང་བཅད་བརྟན་པོ་འཛུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།