དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་ཡིབ་ཆུས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཝང་ལི་ནཱ་ཡིས།

    ​འཕེལ་རྒྱས་དང་འཕོ་འགྱུར་ཟིན་ཐོར་བཀོད་ནས་གཞི་རིམ་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-21

    ལས་ཁུངས་ནས་ཞིང་ཁའི་བར་དང་། ས་སེར་མཐོ་སྒང་ནས་བོད་ཀྱི་ཤར་ལྷོའི་བར། གྲོང་གསེབ་དར་རྒྱས་ཀྱི་ས་ཡུལ་དངོས་ནས་གསར་འགྱུར་གཏོང་སྤེལ་གྱི་འཐབ་ས་དང་པོའི་བར། ཁོང་གིས་འབད་འཐབ་ལ་བརྟེན་ནས་ལང་ཚོའི་ཟིལ་མདངས་རྒྱས་པ་དང་། དངོས་སྒྲུབ་འབད་འབུངས་ལ་བརྟེན་ནས་འཚར་ལོངས་ཡོང་བར་བྱས། ཁོང་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་དུས་ཡུན་ཐིམ་རྗེས་བོད་དུ་བསྡད་པའི་ལས་དོན་མི་སྣ་ཝང་ལི་ནཱ་རེད།

    2021ལོར“95རྗེས་སྐྱེས”ཀྱི་ཧོ་ནན་གྱི་བུ་མོ་ཝང་ལི་ནཱ་ལེའོ་ཉིང་བཟོ་སྐྲུན་ལག་རྩལ་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། “གཞི་རིམ་དང་མེས་རྒྱལ་ལ་མཁོ་ཆེ་ཤོས་ཀྱི་ས་ཆར་འགྲོ་བའི”ཕུགས་བསམ་དང་དད་སེམས་བཅངས་ནས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་དཔུང་ཁག་ནང་ཞུགས་ཏེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་དུ་བསྐྱོད།

    མཐོང་ལམ་ཡག་ཤོས་ཀྱི་ཐོག་ནས་བུ་ཆུ་ཤང་གི་ཁྱད་ལྡན་ཐོན་ལས་མངོན་པར་བྱ་ཆེད། ཁོང་གིས་ཐོ་རེངས་ཆུ་ཚོད་བཞི་པར་འབྲོག་པ་དང་མཉམ་དུ་འབྲོག་རར་བསྐྱོད་དེ་གྲང་ངར་ལ་མ་འཛེམས་པར་ནོར་ཁྱུ་ཡིས་ཞོགས་པའི་ཉི་ཟེར་འོག་ཏུ་རྩྭ་ཆུར་རོལ་བའི་རྣམ་པ་ཡིད་དགའ་བ་དེ་པར་ལེན་བྱས། མཚན་མོ་ཉལ་ཁང་དུ་གློག་སྒྲོན་འོག་རང་ཉིད་གཅིག་པུར་ཡིག་འབྲུ་རེ་རེ་བཞིན་བསྡུར་བ་བྱས་ནས། མི་རིང་བར་འཕྲིན་སྤེལ་བྱ་རྒྱུའི་རྩོམ་ཡིག་གི་མ་ཟིན་ལ་ཡང་ནས་བསྐྱར་དུ་བལྟས། དེ་ལྟར་ལོ་གསུམ་རིང་བསྡུས་འཕྲིན་དང་རྩོམ་ཡིག་2000ལྷག་ཙམ་དང་། བརྙན་ལམ་ཆ་འཕྲིན་100ལྷག་ཙམ། 2000ལྷག་ཙམ་ཟིན་པའི་བརྙན་ལམ་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་པ་ནི་ཁོང་གི་ལས་ཀའི་གྲུབ་འབྲས་ཡིན་པ་མ་ཟད། ཕྱི་ཕྱོགས་ཀྱིས་བུ་ཆུ་ཤང་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད།

    བུ་ཆུ་ཤང་དུ་སྡོད་རིང་། ཝང་ལི་ནཱ་ཡིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་གཉེན་ཉེར་བརྩིས་ཤིང་། ཁོང་གི་གཞུང་ལས་སྒྲུབ་སའི་སྒྲོག་རྩེའི་སྒང་ལ་ཟིན་བྲིས་དེབ་མཐུག་པོ་ཞིག་བཞག་ཡོད་པའི་ནང་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་གནད་དོན་དང་མང་ཚོགས་ལ་བསྒྲུབ་རྒྱུའི་ལས་དོན་ཚང་མ་བཀོད་ཡོད།

    ཁོང་གིས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། བོད་སྐད་གཏན་ནས་མ་ཤེས་ཀྱང་ཟིན་བྲིས་ཆུང་ཆུང་གཅིག་ལུས་ལ་གྲིབ་མ་བཞིན་དུ་ཉར་ཏེ། མང་ཚོགས་ལ་སྐད་ཆ་དྲི་བ་དང་། བོད་སྐད་ལེ་ཚན་ལྟ་བ། བོད་སྐད་ཀྱི་སྒྲ་འདོན་སྟངས་སྦྱོང་བ་སོགས་དཀའ་ལས་ཚད་མེད་བརྒྱབ། ཁོང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མང་ཚོགས་དང་མཉམ་འདྲེས་དང་ལུང་པ་དེ་གའི་མི་ནང་ལྟར་ཆགས་པ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུས་ཏེ་ས་མཐོར་འཚར་ལོངས་ཀྱི་རྩ་བ་བརྟན་པོ་ཚུགས་པར་བྱས་ཡོད།

    ཝང་ལི་ནཱ་ཡི་འབད་བརྩོན་བྱས་པ་དང་ལེགས་སྐྱེས་ཕུལ་བར་ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཁས་ལེན་ཆེན་པོ་བྱེད་ཀྱི་ཡོད། “2023ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་གསུམ་བརྒྱད་དར་དམར་བའི་འོས་མི”དང“2023ལོའི་བྲག་ཡིབ་ཆུས་ཀྱི་ཕུལ་བྱུང་གུང་གཞོན་ཚོགས་མི”“2022ལོའི་བྲག་ཡིབ་ཆུས་ཀྱི་ཕུལ་བྱུང་དང་བླངས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ནི་ཁོང་མི་སྒེར་ལ་བསྟོད་བསྔགས་བཏང་བ་ཙམ་མིན་པར“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་དང་གཞི་རིམ་ལས་དོན་པ་མང་པོ་ཞིག་ལ་སྐུལ་ལྕག་ཐེབས་ཏེ་ཚང་མས་སྤྲོ་སྣང་ཆེན་པོས་ལས་ཀའི་ནང་ཞུགས་ཏེ་དོ་དོ་ནན་ནན་བྱས་ན་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལས་རྗེས་བཏོད་ཐུབ་པ་མཐོང་ཡོད།

    2024ལོར“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་ཞབས་ཞུའི་དུས་ཡུན་ཡུད་ཙམ་ལ་ཐིམ། ལོ་གསུམ་གྱི་རིང་འདི་གར་ལས་ཀ་བྱས་ནས་བསྡད་པས་ཝང་ལི་ནཱ་ཡིས་ས་གཞི་འདིར་བཅོས་མིན་གྱི་བརྩེ་བ་ཞིག་སླེབས་ཡོད།

    གཞི་རིམ་ལས་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། འཇོན་ཐང་ཆེ་བ། དེ་བཞིན་ཁོང་གནས་སའི་ཚན་པས་འོས་སྦྱོར་བྱས་པ་བརྒྱུད། བྲག་ཡིབ་ཆུས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་མི་བསྡུ་བའི་ཡིག་རྒྱུགས་ཁྲོད་ཁོང་འབུར་དུ་ཐོན་ཏེ་གསར་འགྱུར་ལས་དོན་པ་ཞིག་ཏུ་གྱུར།

    ད་ཆ་ཁོང་གི་གར་སྟེགས་དེ་བུ་ཆུ་ཤང་གཅིག་པུ་ཙམ་མིན་པར་བྲག་ཡིབ་ཆུས་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ས་ཡུལ་དངོས་དང་། ཐོན་ལས་འཕེལ་རྒྱས་ཀྱི་འཁོར་ཁང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོ། སྡེ་ཁུལ་གྱི་བྱེད་སྒོའི་ཐང་ཆེན་སོགས་སུ་ཡིན་པ་དང་དེ་དག་ནས་ཁོང་གིས་པར་ཆེས་འཁྱེར་ཏེ་ལྷག་བསམ་རྣམ་དག་གིས་གནས་ཚུལ་ཟིན་ཐོར་འགོད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།