ས་མཐོར་གཞིས་ཚུགས་ཐོག་མའི་བསམ་འདུན་ལག་ལེན་བསྟར། འགན་འཁྲི་གཙང་སྒྲུབ་མཐུན་སྒྲིལ་ཡོང་བར་འབད་པས་བརྩོན།
—— མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་སྲིད་གྲོས་ཨུ་ཡོན་ལེང་ཧྲོའེ་ཡི་སྐོར་བཀོད་པ།
ས་བབ་སྨི་4500ཟིན་པའི་མངའ་རིས་ས་ཁུལ་ཤར་རྒྱུད་ཀྱི་བྱང་ཐང་དབུས་སུ་གནས་པའི་སྒེར་རྩེ་རྫོང་ལ“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་སྲོལ་ཡོད། ཡུལ་གཞན་ནས་ཡོང་བའི་ལས་གཏོད་པ་ཞིག་གིས་ལོ་20ལྷག་ཙམ་རིང་བརྟན་སྲུང་དང་ལེགས་སྐྱེས་ཕུལ་ནས་མི་རིགས་ཁག་གི་མང་ཚོགས་དང་གཅིག་སེམས་གཅིག་འབྲེལ་གྱི་མི་སེམས་འགུལ་བའི་ལེའུ་རྩོམ་བཞིན་ཡོད། ཁོང་ནི་སྒེར་རྩེ་རྫོང་གི་སྲིད་གྲོས་ཨུ་ཡོན་དང་ལེང་ཧྲི་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ལེང་ཧྲོའེ་རེད།
2004ལོར་ལེང་ཧྲོའེ་ཡིས་ཕུགས་འདུན་འཆང་བཞིན་སྒེར་རྩེ་རྫོང་དུ་ཡོང་བ་དང་། ཐོག་མར་པར་ཁང་ཆུང་ངུ་ཞིག་ནས་ལས་འགོ་བརྩམས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་དང་ཡིད་རྟོན་གཉེར་སྐྱོང་གི་དད་སེམས་ལ་བརྟེན་ནས་ཁྲོམ་རའི་ཁས་ལེན་དང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཡོད།
ཁོང་ཡང་ཕྱི་ནས་ཡོང་བའི་ཚོང་པ་ཞིག་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཁས་ལེན་ཟབ་མོ་ཐོབ་པའི“སྒེར་རྩེ་བ”ཞིག་ཏུ་རིམ་གྱིས་གྱུར་བ་དང་ཆབས་ཅིག་སྒེར་རྩེ་རྫོང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་ཀྱི་ལས་འགན་སྔ་རྗེས་སུ་བཞེས་ཡོད།
2012ལོར་ལེང་ཧྲོའེ་ལ་གཟི་བརྗིད་ལྡན་པའི་ཐོབ་ཐང་གཞན་ཞིག་རག་པ་དེ་ནི་ཁོང་སྒེར་རྩེ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་པ་དང་། 2021ལོར་སླར་ཡང་རྫོང་སྲིད་གྲོས་ཀྱི་རྒྱུན་ཨུར་བདམས་ཡོད། “སྲིད་གྲོས་ཀྱི་ཨུ་ཡོན་ནི་ས་གནས་འཕེལ་རྒྱས་གཏོང་བར་གྲོས་འགོ་དངོས་འདོན་ཐུབ་མཁན་ཞིག་དང་མང་ཚོགས་ཀྱི་ཁེ་ཕན་དོན་དུ་འབོད་སྒྲ་སྒྲོག་མཁན་ཞིག་ཡིན་དགོས”ཞེས་ལེང་ཧྲོའེ་ཡིས་དེ་ལྟར་བསམ་གྱི་ཡོད་ལ། དེ་ལྟར་སྒྲུབ་ཀྱི་ཡོད།
ཁོང་གིས་རང་ཉིད་གཞི་རིམ་དུ་གཞི་ཚུགས་པ་དང་གང་སར་འབྲེལ་བ་ཆེན་པོ་ཡོད་པའི་ལེགས་ཆ་གང་ལེགས་སྤྱད་དེ་རྟག་ཏུ་འབྲོག་ཁུལ་དང་། སྡེ་ཁུལ། ཚོང་དུད་བཅས་སུ་བརྟག་ཞིབ་བྱེད་པར་བསྐྱོད་ཀྱི་ཡོད། 2013ལོར་ཁོང་གིས་བཏོན་པའི“མཐོ་གནོན་དབྱང་ཚང་བསྐྲུན་ནས་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུའི་སྐོར”གྱི་གྲོས་གཞི་དེ་ནི་ཁོང་གིས་ལས་བྱེད་མང་ཚོགས་མང་པོ་ཞིག་ཐོལ་བྱུང་ནད་གཞིས་རྐྱེན་པས་སྨན་ཁང་དུ་བསྐྱོད་པའི་ལམ་བར་དུ་གསོ་རླུང་མི་འདང་བའི་རྐྱེན་གྱིས་སྟབས་མི་ལེགས་པར་གྲོངས་ཚུལ་བ་ལས་བྱུང་བ་ཞིག་ཡིན། གྲོས་གཞི་དེར་འབྲེལ་ཡོད་ཚན་པའི་ཚད་མཐོའི་མཐོང་ཆེན་ཐོབ་ནས་2015ལོར་སྒེར་རྩེ་རྫོང་གི་མཐོ་གནོན་དབྱང་ཚང་དང་པོ་དེ་བསྐྲུན་ཏེ་སྤྱོད་འགོ་ཚུགས་ཡོད། གྲོས་གཞི་དེ་སྒེར་རྩེ་རྫོང་གི་ཕུལ་བྱུང་གྲོས་གཞིར་བདམས་པ་མ་ཟད། ལེང་ཧྲོའེ་ཡིས་འགན་འཁྲི་སྒྲུབ་རིང་གི་མཚོན་རྟགས་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད།
མི་རིགས་མང་པོ་ཡོད་པའི་སྒེར་རྩེ་རྫོང་དུ་མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་རེད། 2021ལོར་ལེང་ཧྲོའེ་ཡིས་མ་དངུལ་བཏང་ནས་བསྐྲུན་པའི་ཧྥུའུ་ཡོན་ཡཱ་ཅུས་སྤྱི་ཤག་བེད་སྤྱོད་གཏོང་འགོ་ཚུཌ་པ་དང་། སྤྱི་ཤག་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཡུ་གུར་རིགས་སོགས་མི་རིགས་མང་པོ་སྡོད་ཀྱི་ཡོད། མི་རིཌ་མང་པོའི་ཁྱིམ་དུད་དབར་ཞི་མཐུན་མཉམ་གནས་ཇི་ལྟར་ཡོང་བའི་ཐད་ལ་ལེང་ཧྲོའེ་ཡིས་གསར་གཏོད་རང་བཞིན་གྱི་བསམ་ཚུལ་ཞིག་བཏོན་པ་སྟེ། ཚོང་ལས་ཀྱི་སྤྱི་ཤག“མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་ཆུང”དུ་གཏོད་རྒྱུ་དེ་རེད།
དེས་མ་ཟད་ལེང་ཧྲེ་ཚན་རྩལ་ཚད་ཡོད་ཀུང་སི་ཡང་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པར”ཡང་བསྟུད་མར་བདམས་ཡོད།
“ཁེ་ལས་འཕེལ་རྒྱས་ཡོང་བ་དེ་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་པས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་ནི་ཁེ་ལས་ཀྱིས་འཁུར་དགོས་པའི་འགན་འཁྲི་ཞིག་རེད”ཅེས་པ་དེ་ནི་ལེང་ཧྲོའེ་ཡིས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད། ལོ་བཅུ་ལྷག་ཙམ་རིང“ལྔ་བཞི”གཞོན་ནུའི་དུས་ཆེན་དང་། “དྲུག་གཅིག”བྱིས་པའི་དུས་ཆེན། དགེ་རྒན་དུས་ཆེན་སོགས་ཀྱི་ཉིན་མོར་ཁོང་གིས་རྟག་ཏུ་རྫོང་གི་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད་ནས་དཀའ་ངལ་ཡོད་པའི་སློབ་མར་སློབ་རོགས་དངུལ་དང་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་སྤྲོད་ཀྱི་ཡོད་པར་རིམ་རྩིས་བརྒྱབ་ན་དངུལ་དང་དངོས་པོའི་རིན་ཐང་སྒོར་ཁྲི་80ལྷག་ཙམ་ཟིན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།