ལེགས་རྩེ་འགག་སྒོའི་འཕེལ་རྒྱས་ཀྱི་རྣམ་པ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ།
ཉེ་ཆར། གཞིས་རྩེའི་ལེགས་རྩེ་འགག་སྒོར་ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་མང་པོ་བང་བསྒྲིགས་ཏེ་ཞིབ་བཤེར་རྩིས་ལེན་བྱས་ནས་ཕྱིར་གཏོང་བྱ་རྒྱུར་བསྒུགས་ནས་བསྡད་ཡོད། ནེ་པ་ལ་ནས་ཡོང་བའི་ཟོག་འདྲེན་རླངས་འཁོར་དང་། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཀྱི་མི་སེར། དེ་བཞིན་མཐའ་མཚམས་སུ་ཉོ་ཚོང་བྱེད་མཁན་ཚོང་པ་བཅས་འགྲོ་འོང་གི་རྒྱུན་མི་ཆད་པས་དར་རྒྱས་བྲེལ་ཟིང་གི་རྣམ་པ་ཞིག་མངོན་བཞིན་ཡོད། བསྡོམས་རྩིས་ལྟར་ན། 2023ལོའི་ཟླ་11ཚེས་13ཉིན་དངོས་སུ་སྒོ་ཕྱེ་ནས་ལས་གཉེར་བྱས་ཚུན། རིམ་རྩིས་བརྒྱབ་ན་ལེགས་རྩེ་འགག་སྒོས་དངོས་ཟོག་ཏུན་4223ཕྱིར་གཏོང་ནང་འདྲེན་ལ་ལྟ་འདོམས་བྱས་པར་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་2.51ཟིན་པ་དང་། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་6.3ལས་བརྒལ་ཡོད། འདི་ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་ལེགས་རྩེ་འགག་སྒོས་དངོས་ཟོག་ཏུན་3915ཕྱིར་གཏོང་ནང་འདྲེན་ལ་ལྟ་འདོམས་བྱས་པར། དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་2.36དང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་3.5ལྷག་ཙམ་ཟིན་ཏེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་སྒོ་དབྱེའི་ལས་སྟེགས་དང་འགག་སྒོའི་བགྲོད་ལམ་གྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ། འགག་སྒོ་ཁག་གི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐབས་སྒྱུར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ཏེ་མཐའ་མཚམས་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། དེ་དང་ཆབས་ཅིག་མཐའ་མཚམས་འགག་སྒོ་ཁག་དབར་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པས་མཐའ་མཚམས་འགག་སྒོ་ཤར་བགྲོད་དང་ཕན་ཆེ་ཡོང་བའི་འགན་ལེན་ཡང་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།