དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-20

     ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལས་ཀའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་འགན་འཁྲི་འཁུར་སེམས་དང་བྱས་རྗེས་དེ་བས་ཆེ་བ་མངོན་པར་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་པར་དམིགས་དགོས”ཞེས་ནན་བཤད་གནང་བའི་བཀའ་མོལ་འདིར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཆབ་སྲིད་པུའི་དྲིལ་བསྒྲགས་མི་དམངས་ཉེན་རྟོག་པ་སྤེན་པ་དོན་གྲུབ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། རྒྱ་བོད་སྐད་གཉིས་ཀྱི་དྲིལ་བསྒྲགས་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་སྤེན་པ་དོན་གྲུབ་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་གསལ་པོ་རྟོགས་ཤིང་། ཁོང་གིས“སླད་ཕྱིན་ངས་སྐད་གཉིས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ལས་ཀ་ཧུར་ཐག་སྤེལ་ཏེ། བཅའ་ཁྲིམས་ཤེས་བྱ་དེ་ཉིད་ཞིང་འབྲོག་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་སློབ་མས་སྦྱོང་འདོད་ཆེ་བའི་ནང་དོན་ལ་འགྱུར་བར་བྱས་ནས། AIའགུལ་རིས་དང་བརྙན་ཐུང་སོགས་གསར་གཏོད་ཀྱི་རྣམ་པ་བརྒྱུད་གཞི་རིམ་གྱི་མང་ཚོགས་དང་རྒྱ་ཆེའི་སློབ་མར་བརྒྱུད་བསྒྲགས་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    “ཁྲིམས་སྐྱོང་ལས་དོན་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ་དང་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་དང་། སྡེ་ཚན་ཁག་དང་ཁྱབ་ཁོངས་ཁག་གིས་ཁྲིམས་བཞིན་ལས་དོན་ཡག་པོ་བསྒྲུབས་ནས། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་མཉམ་དུ་གཏོད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་བཀའ་མོལ་འདིར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཁྲིམས་ས་གཉིས་པའི་དིང་ཀྲང་གཞོན་པ་ཚེ་རིང་རྣམ་རྒྱལ་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཚེ་རིང་རྣམ་རྒྱལ་གྱིས“ཉེས་དོན་ཁྲིམས་དཔོན་ཞིག་གི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནི་ངས་གྱོད་དོན་རེ་རེ་ཞིབ་གཅོད་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན”ཞེས་བརྗོད་པ་དང་། ཁོང་གིས“གོམ་སྟབས་རྗེས་མའི་ལས་དོན་ཁྲོད། ངས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་བྱེད་པ་དང་གོ་བ་ནན་ཏན་བླངས་ཏེ། གྱོད་དོན་ཞིབ་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་མ་ཟད། ཁྲིམས་འཛིན་གྱི་ཐུགས་ཁུར་དང་དྲང་གཞག་གི་མཐའ་ཚད་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གི་སྙིང་སྟོབས་ཁྲིམས་སའི་འདྲི་ཞིབ་ཚང་མའི་ནང་ཁྱབ་པར་བྱས་ནས། ཁྲིམས་འཛིན་གྱོད་དོན་ཚང་མའི་ཁྲོད་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    བོད་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ལས་དོན་དེ་ཕྱོགས་གཅིག་ནས་རྒྱལ་མཚམས་ཀྱི་བདེ་འཇགས་དང་འབྲེལ་བ་དང་། ཕྱོགས་གཞན་ཞིག་ནས་མཐའ་མཚམས་དར་རྒྱས་དང་འབྲེལ་ཞིང་། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་། མཐའ་མཚམས་བརྟན་ལྷིང་འགན་སྲུང་། ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་འགོག་སྲུང་འཛིང་རགས་ཤིག་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་མཐའ་མཚམས་ཞིབ་བཤེར་སྡེ་ཚན་གྱིས་འགག་སྒོའི་ལྟ་བཤེར་ཚད་གཞི་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ་དང་། ཚན་རྩལ་གྱི་མཐུན་སྦྱོར་ལ་བརྟེན་ནས་ལྟ་བཤེར་གྱི་ནུས་ཕྱོད་ཆེ་རུ་གཏོང་བ། དམངས་ཕན་ཞབས་འདེགས་ཞུ་ཁྱོན་ཆེ་རུ་གཏོང་བ། དམངས་འཚོའི་བྱ་ཐབས་རྒྱུན་མཐུད་ལེགས་སུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བ་བཅས་བྱས་པ་དང་སྦྲགས། “གངས་ལྗོངས་ཀྱི་མཐའ་མཚམས་འགག་སྒོར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་རྟགས་གཏོད་ཤུགས་ཆེ་རུ་བཏང་ནས། རྒྱ་བོད་དབྱིན་སོགས་སྐད་རིགས་སྣ་མང་གི་སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ཏེ། གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་གསལ་འགྲེལ་བྱེད་པ་དང་། ཉེན་དོན་སྒྲུབ་སྐབས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། མཐའ་མཚམས་སྐོར་ཞིབ་བྱེད་སྐབས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད། མཐའ་མཚམས་མི་སེར་ལ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་བྱ་སྤྱོད་ཀྱི་རང་རྟོགས་གོམས་གཤིས་འཇགས་པར་ཁྲིད་སྟོན་བྱས་ནས། མང་ཚོགས་ལ་གནད་དོན་འཕྲད་དུས་ཁྲིམས་ལུགས་འཚོལ་བ་དང་། དོན་དག་སྒྲུབ་དུས་ཁྲིམས་ལུགས་གཞིར་འཛིན་པ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་ལུགས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།