སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས།
སློབ་གྲྭ་འབྲིང་ཆུང་གི་ཚན་རྩལ་སློབ་གསོར་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་བྱས་པ།
ཉེ་ཆར། སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས་མཉམ་དུ་བཀྲམ་པའི《སློབ་གྲྭ་འབྲིང་ཆུང་གི་ཚན་རྩལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ནང་བཏོན་དོན། 2030ལོར་སླེབས་སྐབས། སློབ་གྲྭ་འབྲིང་ཆུང་གི་ཚན་རྩལ་སློབ་གསོའི་མ་ལག་གཞི་རྩའི་ཆ་ནས་སྐྲུན་པ་དང་། སློབ་ཚན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སློབ་ཁྲིད་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། གདེང་འཇོག་དང་ཆ་རྐྱེན་འགན་སྲུང་ལམ་ལུགས་གཞི་རྩའི་ཆ་ནས་འཛུགས་པ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་རེད།
བསམ་འཆར་ནང་གཙོ་གནད་ལས་འགན་ཁག་དྲུག་བཀོད་སྒྲིག་བྱས་ཡོད་པ་སྟེ། གཅིག་ནི་མཉམ་སྒྲུབ་མཐུད་སྦྲེལ་གྱི་མི་སྐྱོང་མ་ལག་བསྐྲུན་རྒྱུ་ཡིན་ཞིང་། ལག་འགུལ་ལག་ལེན་ཁྲོད་སློབ་མར་ཚན་རིག་གི་སྤྲོ་སྣང་འཕེལ་བ་དང་། ཚན་རིག་གི་བྱ་ཐབས་སྦྱོང་བ། ཚན་རིག་གི་སྙིང་སྟོབས་སྐྱེད་སྲིང་བཅས་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དང་། གཉིས་ནི་སྒོ་དབྱེ་མཉམ་འདྲེས་ཀྱི་སློབ་ཚན་སྐྱེ་ཁམས་དང་སློབ་ཁྲིད་བྱ་ཐབས་གཏོད་རྒྱུ་ཡིན་ཞིང་། རིག་ཚན་མཉམ་འདྲེས་ལ་བརྟེན་ནས་སློབ་ཚན་སློབ་ཁྲིད་སྐྱེ་ཁམས་སླར་གསོ་བྱས་ནས། སློབ་མར་རིག་ཚན་མང་པོའི་ཤེས་བྱ་ཕྱོགས་བསྡུས་ཐོག་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱ་རྒྱུ། གསུམ་ནི་བྱང་ཚད་ཕྱོགས་སྟོན་གྱི་སློབ་དཔྱོད་སྣེ་ཁྲིད་དང་ཕྱོགས་བསྡུས་གདེང་འཇོག་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ཚན་རྩལ་སློབ་གསོའི་གདེང་འཇོག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སློབ་དཔྱོད་དང་སློབ་ཁྲིད་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བཞི་ནི་རྣམ་པ་མང་བའི་ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་འཛུགས་སྐྲུན་ལ་མཐོང་ཆེན་བྱ་རྒྱུ་ཡིན་ཞིང་། སློབ་ཁྲིད་ཀྱི་བར་མཐོངས་ལེགས་སུ་བཏང་ནས། སློབ་མར་གནས་ཚུལ་དངོས་ཀྱི་ཚན་རྩལ་རྩད་གཅོད་ཞིབ་དཔྱད་ཚོད་ལྟ་དང་ལས་གྲྭའི་ལག་རྩལ་ལག་ལེན་ཉམས་ལེན་བྱེད་པར་ལས་སྟེགས་མཁོ་འདོན་བྱ་རྒྱུ། ལྔ་ནི་སྤུས་ཚད་མཐོ་བ་དང་ལས་ཆོད་ཆེ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱི་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཚན་རྩལ་སློབ་གསོ་དེ་ཉིད་ཕྱོགས་ཡོངས་ནས་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་མ་ལག་དང་མཉམ་འདྲེས་ཐུབ་པར་བྱ་རྒྱུ། དྲུག་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཕྱོགས་མང་མཉམ་ལས་ཀྱི་དྲ་རྒྱ་བསྐྲུན་ནས། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་སློབ་གྲྭ་འབྲིང་ཆུང་གི་ཚན་རྩལ་སློབ་གསོའི་ཞིབ་འཇུག་དང་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།