ལོ་རྒྱུས་སེམས་ལ་བརྟན་པོར་ངེས་ནས་ཞི་བདེ་དང་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།

མི་རིང་བའི་གོང་། ངས་ཧྥ་རན་སེའི་ཕ་རི་སིར“ཀྲུང་གོ་དང་ཧྥ་རན་སེའི་དབར་སྐད་ཆ་ཤོད་རེས། ཞི་བདེར་གཅེས་སྤྲས”ཞེས་པའི་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་བྱས་པ་ཡིན། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད་ལ། ཧྥ་ཀྲུང་འབྲེལ་བས“རབ་བྱུང་གསར་པ”འགོ་བཙུགས་པ་དང་ཡོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་དམིགས་བསལ་དུས་སྐབས་ཤིག་ཀྱང་ཡིན་པས། ང་ཚོས་བབ་ཆགས་ལ་གཏིང་ཟབ་པའི་བདེན་དོན་ཞིག་བསྐྱར་བསྒྲགས་བྱེད་དགོས་པ་སྟེ། ལོ་རྒྱུས་ཀྱི་དྲན་ཤེས་དེ་ལོ་རྒྱུས་རིག་པའི་ཞིབ་འཇུག་ལ་གཏོགས་པ་མ་ཟད། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་དང་། མཐུན་སྒྲིལ་གྱི་སྙིང་སྟོབས། ཞི་བདེའི་འདུ་ཤེས་བཅས་ལ་རྨང་གཞི་བཏིང་བ་ཞིག་དེ་བས་རེད། ལོ་རྒྱུས་བློ་ལ་བརྟན་པོར་ངེས་དོན་ནི་འབྱུང་འགྱུར་དེ་བས་ལེགས་པ་གཏོད་ཆེད་རེད།
ཀྲུང་གོའི་གཡུལ་ས་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོ་རེད། ཀྲུང་གོའི་མི་དམངས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རི་པིན་བཙན་འཛུལ་པར་འགོག་རྒོལ་བྱས་ཏེ་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཡོད། མི་ཁྲི་3500ལྷག་ཙམ་འཆི་རྨས་བྱུང་བ་དང་། གྲོང་ཁྱེར་མང་པོ་ཞིག་རོར་གྱུར་པ། སྤྱི་ཚོགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ཀྲུང་གོའི་དམག་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པ་དེས་རི་པིན་གྱི་དམག་ཤུགས་འབོར་ཆེན་བཀག་སྐྱིལ་བྱས་པས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་འཐོབ་ཕྱིར་གསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཞིབ་བརྗོད་ནང་ཀྲུང་གོའི་ལོ་རྒྱུས་ཀྱི་གནས་བབ་ཁས་བླངས་པ་དེ་ནི་དཀའ་སྡུག་མྱོང་མཁན་དང་འཐབ་རྩོད་བྱེད་མཁན་གྲངས་མེད་ལ་གདེང་འཇོག་དྲང་གཞག་བྱས་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་སྐྱེ་བོ་ཀུན་ལ་མཐའ་མའི་རྒྱལ་ཁ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་གྲུབ་འབྲས་ཤིག་ཡིན་པའི་དྲན་སྐུལ་བྱ་ཆེད་དེ་བས་ཀྱང་རེད།
ལོ་རྒྱུས་བློ་ལ་བརྟན་པོར་ངེས་དགོས་པ་དེའང་ནོར་འཁྲུལ་ལ་དོགས་ཟོན་དང་ཉེན་ཁ་འགོག་ཟོན་བྱེད་པའི་ཆེད་དུ་རེད། བརྗེད་ངད་དུ་སོང་བ་དེས་ཐལ་སྐྱོད་རིང་ལུགས་ཐོན་སྲིད་ལ་དེ་བས་སྐྱོ་གར་གསར་པའང་ཐོན་སྲིད་པ་ལོ་རྒྱུས་ཀྱིས་སྔ་ས་ནས་ར་སྤྲོད་བྱས་ཡོད། མཚན་ཉིད་རིག་པ་མཁས་ཅན་ཆའོ་ཀྲི·སང་ཐ་ཡ་ནཱས། འདས་སོང་བརྗེད་མཁན་དེས་སྔོན་ལམ་བསྐྱར་ལོག་བྱེད་ངེས་རེད་ཅེས་དྲན་སྐུལ་བྱེད་མྱོང་ཡོད། དེང་སྐབས་ཀྱི་འཛམ་གླིང་དུ་ཁ་ཕྲལ་གྱི་གཏམ་བརྗོད་མང་དུ་འགྲོ་བ་དང་འཇམ་འཐབ་ཀྱི་བསམ་གཞིག་བསྐྱར་ལོག་བྱེད་བཞིན་ཡོད་པས། མིའི་རིགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་བརྗེད་དཀའི་སྣ་སུན་དེ་ལོ་རྒྱུས་ཀྱི་དུས་སྐབས་གང་རུང་ཞིག་ལས་ཀྱང་བློ་ལ་བརྟན་པོར་ངེས་དགོས། “ཞི་བདེ་ནི་མཁའ་རླུང་དང་ཉི་འོད་ཇི་བཞིན་དྲིན་ཆེ་ནའང་སྣང་བ་མེད་ཅིང་། དེ་ཉིད་མེད་ན་འཚོ་དཀའ་བ་ཞིག་རེད” “ཁྲེལ་གཞུང་ལྡན་པ་དང་ཞི་བདེར་དགའ་བའི་མི་ཚང་མས་བྱ་སྤྱོད་སྤེལ་ནས་ཐུན་མོང་ཐོག་དམག་འཁྲུག་བཀག་འགོག་དང་ཞི་བདེ་སྲུང་སྐྱོང་བྱེད་དགོས”ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་འདི་དག་ནི་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་བསླབ་བྱ་གཟབ་ནན་ཞིག་རེད།
ལོ་རྒྱུས་ནི་བསླབ་གཞིའི་ཡི་གེ་དང་དྲན་གསོའི་མཛད་སྒོ་རང་དུ་ཟད་མི་རུང་བར་རྗེས་རབས་པ་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་བའི་བསམ་པའི་སྟོབས་ཤུཌ་འཛད་མེད་ཅིག་ཏུ་འགྱུར་བ་བྱེད་དགོས། གཞོན་ནུའི་མི་རབས་ནི་ལོ་རྒྱུས་ཀྱི་དྲན་ཤེས་རྒྱུན་འཛིན་མཁན་ཞིག་ཡིན་པས། ལོ་རྒྱུས་ཀྱི་དྲན་ཤེས་རྒྱུན་འཛིན་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད། དེ་ལྟར་ཡིན་པའི་དབང་གིས་ཧྥ་ཀྲུང་རྒྱལ་ཁབ་གཉིས་དང་དེ་བས་རྒྱ་ཆེ་བའི་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་གྱིས་རྟེན་མཛོད་ཁང་འཛུགས་སྐྲུན་དང་། རིག་གཞུང་སྤེལ་རེས། སློབ་གྲྭའི་དབར་ཕན་ཚུན་འདྲི་རྟོག་སོགས་ཀྱི་རྣམ་པ་སྣ་མང་བརྒྱུད་ལོ་རྒྱུས་ཀྱི་དྲན་ཤེས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་ཉིན་བཞིན་མཐོང་ཆེན་བྱེད་ཀྱི་ཡོད། འབད་བརྩོན་དེ་དག་རྒྱལ་མཚམས་བསྒྲལ་བའི་བསམ་པའི་འབྲེལ་ཐག་ཅིག་ཏུ་འགྲིལ་བཞིན་ཡོད་པ་མ་ཟད། དེས་གཞོན་ནུ་མི་རབས་ཀྱིས་ད་ཆའི་ཞི་བདེ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པར་རྒན་རབས་པ་གྲངས་མེད་ཀྱི་ཚེ་སྲོག་དང་བློས་གཏོང་ལས་བྱུང་བའི་གྲུབ་འབྲས་ཤིག་ཡིན་པ་དང་། ཁོང་ཚོའི་འབྱུང་འགྱུར་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ལོ་རྒྱུས་ཐོག་བཏོད་པ་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་ཀྱི་ཡོད།
(སོ་ཉི་ཡ·པུའུ་ལེ་སི་ལེ་ནི་ཧྥ་རན་སེ་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དང་དར་གོས་ལམ་བུའི་དཔེ་སྐྲུན་ཁང་གི་སྲོལ་གཏོད་པ་ཡིན)
འབྲེལ་ཡོད་གསར་འགྱུར།