དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟོལ་མེད་ལྷག་བསམ་བཅངས་ནས་ས་མཐོར་ལེགས་སྐྱེས་ཕུལ།

    —— དིང་རིའི་ས་ཡོམ་ཁྲོད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་དང་གདོང་ལེན་དཔུང་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།  འོད་ཟེར་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-19

    “འཕྲལ་མར་གེགས་ཁུལ་དུ་སྐྱོད་དགོས” 2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། སྐར་མ་3ལས་མ་འགོར་བར་དིང་རི་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་དོན་གྲུབ་རྒྱལ་མཚན་གྱིས་འཕྲལ་མར་རུ་སྣེ་ཁྲིད་དེ་ས་ཡོམ་རྒྱག་སའི་ལྟེ་བའི་ཁུལ་དུ་རོགས་སྐྱོར་བྱེད་པར་བསྐྱོད་པ་དང་། དེ་དང་ཆབས་ཅིག་དིང་རི་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་ཀྱང་ས་གནས་དེ་གའི་ཡོམ་འགོག་གེགས་སེལ་གྱི་གདོང་ལེན་རུ་ཁག་ཏུ་བསྒྱུར་ཏེ་ཏང་དར་དམར་པོ་རེ་རེ་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་180ཡི་གྲོང་སྡོད་ལས་བྱེད་པ་605ཡིས་རང་ཉིད་ཀྱི་ལྷག་བསམ་དང་འགན་འཁྲིར་བརྟེན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བདེ་བའི་གནས་ཤིག་བསྐྲུན་ཡོད།

    ས་ཡོམ་རྒྱག་སྐབས། དིང་རི་རྫོང་གྲམ་མཚོ་ཤང་གཡུ་སྤེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཨོ་རྒྱན་གྱིས་འཕྲལ་མར་རུ་མི་དང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཉན་ཁའི་ཁུལ་ནས་ཁ་བཀྲམས་པ་དང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་28ཀྱི་མི་གྲངས་164ཚང་མ་བདེ་འཇགས་ངང་གནས་སྤོས་པས་མི་ཤི་རྨས་གང་ཡང་བྱུང་མེད། མཚོ་སྒང་ཤང་ཡེ་བྱང་གྲོང་ཚོར་གྲོང་སྡོད་ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་བཀྲ་ཤིས་དོན་གྲུབ་ཀྱིས་ཁྱིམ་ཚང་མི་རེ་ངོ་རེར་བསྐྱོད་ནས་མང་ཚོགས་ལ་སེམས་གསོ་བྱེད་པ་དང་ས་ཡོམ་བརྒྱབ་རྗེས་དོ་སྣང་བྱེད་དགོས་རིགས་ཐད་སྐད་ཤུགས་གང་ཡོད་ཀྱིས་དྲིལ་བསྒྲགས་བྱས་ཤིང་། དེའི་རིང་ཁོང་མིད་པ་འགགས་ཀྱང་སྔར་བཞིན“ཏང་རྩ་འཛུགས་ཡོད་པས་ཁྱེད་ཚོ་སྐྲག་སྣང་བྱེད་མི་དགོས”ཞེས་ཁོང་གིས་བློ་རྩ་བརྟན་པོས་སློབ་གསོ་བརྒྱབ། མཚོ་སྒང་ཤང་ཐང་རི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་སྒྲོན་ལགས་ཀྱིས་ཕ་ཡུལ་ལྷ་རྩེར་ཡོད་པའི་རང་ཁྱིམ་གྱི་ཁང་པ་བརྡིབས་པ་ཤེས་ཀྱང་ཁོང་གིས་བཟོད་སྒོམ་བྱས་ནས་མུ་མཐུད་རོགས་སྐྱོབ་ཀྱི་ལས་ལ་ཞུགས་ཡོད། “ངའི་ཕ་ཡུལ་ལ་གནོད་འཚེ་ཕོག་ཀྱང་འདི་གར་ཡོད་པའི་མང་ཚོགས་ལ་ང་དེ་བས་དགོས་མཁོ་ཆེ”ཞེས་སྐད་ཆ་ཉུང་ཡང་འགག་རྩའི་དུས་སུ་གུང་ཁྲན་ཏང་ཡོན་ཞིག་གི་གདམ་ག་མངོན་ཡོད།

    “ང་ནི་ཏང་ཡོན་ཡིན་པས་སྔོན་དུ་འགྲོ་ཡི་ཡིན”ཞེས་གྲམ་མཚོ་ཤང་དགུ་རོང་གྲོང་ཚོར་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་རང་ཉིད་ཀྱི་ཨ་མ་རྐྱེན་ལམ་དུ་ཤོར་བའི་སྡུག་བསྔལ་སྒོམ་ནས་ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་12རིང་དཀའ་ངལ་གནས་སུ་གྱར་བའི་མང་ཚོགས་26སྐྱོབ་རྒྱུའི་སྒྲིག་འཛུགས་དང་། མང་ཚོགས་160ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས། མི་རྣམས་ལ་སེམས་འགུལ་ཐེབས་ཤོས་ནི། དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་ལྷུན་གྲུབ་ཡིན། ས་ཡོམ་ནང་རང་ཉིད་ཀྱི་ཕྲུ་གུ་གཉིས་ཀྱི་སྲོག་ཤོར་ཡང་། ཁོང་གིས་མིག་ཆུ་ཕྱིས་ནས་ཁ་ཕྱིར་བསྐོར་ཏེ་རོགས་སྐྱོབ་ལས་ལ་ཞུགས་ཤིང་། “ངས་ལས་ཀ་བྱེད་མཚམས་འཇོག་མི་ཕོད། གལ་སྲིད་ལས་ཀ་མཚམས་བཞག་ཚེ་ངའི་ཕྲུ་གུ་གཉིས་པོ་དྲན་འོང་གིན་འདུག” གྲང་རླུང་འུར་འུར་ཁྲོད་ཀྱི་བོད་རིགས་གཞོན་སྐྱེས་དེའི་རྒྱབ་གཟུགས་ལས་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་ཅིག་མངོན་འོང་།

    གནོད་འཚེ་ནི་བཀའ་རྒྱ་ཡིན། དིང་རི་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཡོམ་འགོག་གེགས་སེལ་གྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་དུས་ཐོག་ཏུ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གོ་རིམ་ལྡན་པའི་ངང་ཁ་འགྲེམས་དང་། ཅ་ལག་འཚོལ་རོགས། མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་བྱས་ཡོད། དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་སྡོད་ལས་དོན་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་གེགས་རྗེས་ཀྱི་འཚོལ་སྐྱོབ་ལས་དོན་ནང་ཞུགས་ནས་མང་ཚོགས་632དུས་ཐོག་ཏུ་བདེ་འཇགས་ངང་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་སྤོ་རོགས་བྱས་ཡོད། དིང་རི་རྫོང་གྲམ་མཚོ་ཤང་དཀར་པོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཆུ་དང་གློག་ཉམས་གསོ་དང་། གཞུང་ལམ་ཤར་གཏོང་སོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་པས་གེགས་བར་བྱུང་རྗེས་ཀྱི་ཆུ་ཚོད་གཅིག་ཙམ་ནང་ཕྱི་རོལ་དང་འབྲེལ་གཏུགས་ཐུབ་པ་དང་། ཆུ་ཚོད་ལྔ་ཡི་ནང་གཏོར་སྐྱོན་ཕོག་པའི་གཞུང་ལམ་དུམ་བུ་ཚང་མ་ཤར་གཏོང་ཐུབ་ནས་གེགས་རྗེས་རོགས་སྐྱོབ་ལས་དོན་ལ་སྔར་བས་རམ་འདེགས་ཐུབ་ཡོད། དིང་རི་རྫོང་གྲམ་མཚོ་ཤང་རྩྭ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གནས་སྤོས་དོ་དམ་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་ཆུ་ཚོད་24ཡི་རིང་བཀོད་སྒྲིག་བྱ་ཡུལ་གྱི་ཉེ་འཁོར་དུ་སྐོར་གཡེང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཟམ་མི་ཆད་པར་བྱས་ཡོད།

    དཔྱིད་ཀ་ཤར་ཏེ་འཁྱགས་སར་མྱུག་གསར་འབུད་པའི་སྐབས། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་བྱ་སྤྱོད་གོ་རིམ་དང་ཚན་རིག་དང་མཐུན་པའི་ངང་སྤེལ་འགོ་བརྩམས་ཤིང་། དིང་རི་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གོང་རིམ་གྱི“བསྐྱར་སྐྲུན་དང་ལས་ཞུགས་ཟུང་དུ་འབྲེལ་བའི”སྲིད་ཇུས་བྱ་ཐབས་དོན་འཁྱོལ་གནད་སྨིན་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་དང་འབབ་འཕར་གྱི་གོ་སྐབས་གང་མང་བཏོད་ཡོད། 2025ལོའི་ཟླ་8པར། དིང་རི་རྫོང་གི་ཁག་དང་པོའི་དུད་ཚང་2578ཀྱི་མང་ཚོགས་12139ཡི་སྡོད་ཁང་གསར་པར་སྤོས། ཟིང་དཀར་གྲོང་ཚོའི་མང་ཚོགས་དུད་ཚང་126བདེ་འཇགས་ཁང་པར་སྤོས་པ་མ་ཟད། འབྲི་གཡག་གསོ་ཚགས་མཉམ་ལས་ཁང་ཡང་བཟོས་ནས་རིམ་སྤོར་བྱུང་ཡོད། གད་དམར་ཤང་གླིང་ཤར་གྲོང་ཚོར་དུད་ཚང་51གི་བོད་བཟོའི་ཁང་པའང་ལས་མཇུག་འགྲིལ་ཡོད།

    ད་ཆ་དིང་རི་རྫོང་གི་གྲོང་སྡེ་ཁག་ལ་བོད་བཟོའི་ཁང་པ་གསར་པ་རེ་རེ་བཞིན་བསྐྲུན་ནས་ཁང་པའི་ཐོག་ཁར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཀྱིས“གསར་ཞིང་མཛེས་ལ་བདེ་འཇགས་ལྡན་པའི་ཁང་པ་གསར་པ་དག་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་སྤྲད་པའི་བརྩེ་བ་ཟབ་ཤོས་མཚོན་པའི་ཕྱག་རྟགས་རྩ་ཆེན་ཞིག་རེད”ཅེས་སེམས་གཏིང་ནས་བཤད།

    (《འོད་ཟེར་ཉིན་རེའི་ཚགས་པར》གྱི་2025ལོའི་ཟླ་11ཚེས་12ཉིན་གྱི་པར་ངོས་གཉིས་པ་ནས་བརྒྱུད་བཀོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།