རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད། ཉིན་ཤས་རིང་། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་སྡེབ་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་ཤིང་། ཚང་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་ལ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་། “གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པའི”དད་སེམས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་རྩོམ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
ཉེ་ཆར། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་བཀྲ་ཤིས་སྟོབས་རྒྱལ་གདན་དྲངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གསལ་འགྲེལ་གཏིང་ཟབ་བྱས་པ་རེད།
བཀྲ་ཤིས་སྟོབས་རྒྱལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་མངོན་གསལ་དོད་པའི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སྒྲོག་འགྲེལ་གཏིང་ཟབ་དང་གོ་རིམ་ལྡན་པའི་འགྲེལ་བཤད་བརྒྱབ་པ་རེད། ཚོགས་ཞུགས་མི་སྣས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”ཆུའི་བདེ་འཇགས་འགན་ལེན་དང་ས་ཆུ་སྲུང་སྐྱོང་སོགས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པར་བཟོ་བ། མིག་སྔའི་ལས་དོན་ལ་སྤྱི་འདོམས་བྱས་ནས་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
དུས་ཡུན་ཉིན་གཉིས་ཀྱི་ཏང་དོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་དེ་བཞིན་ལྗོངས་ཁྲིམས་འཛིན་ཐིང་བཅས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་འགན་འཁུར་བློ་མཐུན་གདན་འདྲེན་ཞུས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་ཁྲིད་བྱས་པ་རེད། གསོ་སྦྱོང་ནང་ཞུགས་མཁན་ཏང་དོན་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་པར་དུ《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》མཛུབ་ཁྲིད་དུ་བྱས་ནས་སློབ་སྦྱོང་ལ་བརྩོན་འགྲུས་དང་བསམ་བློ་གཏོང་མཁས་པ་མཐའ་འཁྱོངས་ཀྱིས་བྱང་ཚད་མཐོ་རུ་གཏོང་བའི་ཐད་མིག་དཔེ་སྟོན་པ་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་དམ་པ་དོན་གཉེར་ཐད་མིག་དཔེ་སྟོན་པ། རང་གཅུན་ནན་པོ་མཐའ་འཁྱོངས་ཀྱིས་སྤྱོད་གཙང་གཞུང་དྲང་ཐད་མིག་དཔེ་སྟོན་པ་བཅས་དང་། དེ་དང་ཆབས་ཅིག སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་འཆར་འགོད་ཀྱི་བསམ་ཕྱོགས་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས། གནད་དོན་ཐག་གཅོད་བྱེད་པའི་ནུས་པ་བཅས་སུ་བསྒྱུར་ནས་རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་གྱི་ཡིན་ཞེས་བརྗོད་པ་རེད།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་དང་། རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་ཡག་ཤོས་བཅུ། གཞིས་རྩེ་གྲོང་ཁྱེར་གངས་ལྷ་མེ་ཏོག་དྲིལ་བསྒྲགས་རུ་ཁག་གི་ཁོངས་མི་བཅས་ཡིན་པའི་ཉི་མ་ཚེ་རིང་གིས་ས་གནས་དེ་གའི་གེགས་རྗེས་བསྐྱར་སྐྲུན་གྱི་དོན་དངོས་དང་དམ་པོར་བསྟུན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ས་ཡོམ་བརྒྱབ་རྗེས་བསྐྲུན་པའི་ཡུལ་མིའི་སྡོད་ཁང་གསར་རྐྱང་ནས་སྲིད་གཞུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཏན་འཁེལ་བྱས་པའི་རྩལ་ནུས་གསོ་སྦྱོང་དང་ཁ་གསབ་སྲིད་ཇུས་ཀྱི་བར། ཉི་མ་ཚེ་རིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་མངོན་པའི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་གེགས་རྗེས་བསྐྱར་སྐྲུན་གྱི“བདེ་སྡོད་དགོས་ལ་དེ་བས་ལས་བརྩོན་དགོས་པའི”ལག་ལེན་གྱི་བླང་བྱར་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་རེད། “ཚང་མ་གནས་སྤོས་བྱེད་ས་ནི་ལྕགས་རྩིབས་དང་ཨར་འདམ་གྱི་ཁང་པ་ཙམ་མ་ཡིན་པར། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་བཏིང་བའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་རེད། དེ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་སྟོབས་ཇོ་མོ་གླང་མའི་ས་གཞི་ཆེན་པོར་དངོས་སུ་ཁྱབ་པ་ཞིག་རེད”ཅེས་གོ་བདེ་ཤེས་སླའི་སྐད་ཆ་དེ་དག་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་དྲིལ་བསྒྲགས་ཀྱི་ནང་དོན་མང་ཚོགས་དང་འབྲེལ་འདྲིས་ཆེ་བས། ཚང་མས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་པ་དང་། ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་སེམས་ཤུགས་དང་ངར་ཤུགས་སྔར་བས་ཆེ་རུ་ཕྱིན་སོང་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།