མཚོ་སྔོན་དུ་ཆེད་འགན་དང་ཞོར་འགན་འཁུར་མཁན་གྱི་རོགས་སྐྱོབ་སྟོབས་ཤུགས་མི་ཁྲི་10ལྷག་ཙམ་ཡོད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་། གནོད་འགོག་དང་གནོད་འཚེ་ཉུང་གཏོང་དང་རྒུད་སྐྱོབ། འཕྲལ་སྡོམ་དོ་དམ་བཅས་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བདེ་འཇགས་དང་ཉེན་ཁ་ཚབས་ཆེན་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་། གནོད་འཚེའི་དོན་རྐྱེན་སྣ་ཚོགས་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།
འཕྲལ་སྡོམ་དོ་དམ་ཐད། “བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི”སྒྲོམ་གཞི་ཧུར་ཐག་བསྐྲུན་ནས་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་འཕྲལ་སྡོམ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་ཞིག་ཆགས་ཡོད་ཅིང་། “ཨུ་ལྷན་གསུམ་དང་པུའུ་གསུམ”གྱི་དོ་དམ་སྒྲིག་སྲོལ་དང་དེ་བཞིན་ལས་ཀའི་ལམ་སྲོལ་མང་པོ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་དག་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མ་ལག་ལ་བཅུག་པ་དང་རིམ་པ་ཁག་གི་འགན་འཁྲི་ཁ་གསལ་བཟོས་ཡོད། དེ་དང་ཆབས་ཅིག འཕྲལ་སྡོམ་ཐག་གཅོད་ཀྱི་འགན་སྲུང་ནུས་པ་ཆེ་རུ་བཏང་སྟེ་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱི་ཆེད་འགན་དང་ཞོར་འགན་འཁུར་མཁན་གྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མི་ཁྲི་10ལྷག་ཙམ་ཡོད་པ་དང་། འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་བས། མཁའ་འགྲུལ་རོགས་སྐྱོབ་མ་ལག་འཛུགས་སྐྱོང་ལ་ཚད་བརྒལ་བྱུང་སྟེ་རོགས་སྐྱོབ་ཐད་འཕུར་གནམ་གྲུ་གཉིས་རྒྱུན་དུ་གྲ་སྒྲིག་བྱས་ཡོད་པ་རེད།
བདེ་འཇགས་ཐོན་སྐྱེད་ཐད། 《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》དང་། 《“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་ལག་བསྟར་ཞིབ་སྲོལ》 《བདེ་འཇགས་ཐོན་སྐྱེད་ཀྱི་ཐེར་འདོན་བྱ་དགའི་ལག་བསྟར་ཞིབ་སྲོལ》སོགས་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་ཡིག་ཆ་རབ་དང་རིམ་པ་བཏོན་ནས་ཁྱབ་ཁོངས་གསར་པ་དང་ལས་རྣམ་གསར་པ་19ཡི་བདེ་འཇགས་ལྟ་འདོམས་འགན་འཁྲི་ཁ་གསལ་བཟོས་ནས། ཁེ་ལས་ཀྱི་ལས་མི་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི“གཅིག་རེ་བཅུའི”འགན་འཁྲིའི་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།