དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་གློག་དྲར་གློག་སྐུད་ཀྱི་ཐོག་གློག་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-18

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དེའི་ཡུལ་ཤུལ་དང་མཚོ་བྱང་སོགས་ས་ཁུལ་གྱི་ཐོག་གློག་ལྟ་ཞིབ་ཚད་ལེན་ས་ཚིགས་12གསར་སྐྲུན་དང་རིམ་སྤོར་སྒྱུར་བཀོད་བྱས་པ་དང་ཆབས་ཅིག མཚོ་སྔོན་གྱི་གློག་དྲར་གློག་སྐུད་ཀྱི་ཐོག་གློག་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་སྟེ། ནུབ་བྱང་ས་ཁུལ་གྱི་གཞི་ཁྱོན་ཆེ་བ་དང་ས་ཁོངས་ལས་བརྒལ་བའི་གློག་སྐུད་ཀྱི་ཐོག་གློག་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ཆེ་ཤོས་ཀྱི་ཞིང་ཆེན་ཞིག་ཏུ་གྱུར་པ་མ་ཟད། རྒྱལ་ཁབ་ཀྱི་བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་གསུམ་གྱི་འདྲེན་གཏོང་ལས་གྲྭའི་ཆེས་མཐོ་གནོན་སྐུད་ལམ་ལ་ཐོག་གློག་ལྟ་ཞིབ་ཚད་ལེན་དྲ་བའང་སྔོན་ལ་བཀོད་སྒྲིག་བྱས་པ་ལས། མཚོ་སྔོན་གྱི་གློག་དྲའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པར་ཚད་བརྒལ་གལ་ཆེན་བྱུང་ནས་ས་མཐོའི་གློག་དྲའི་ཐོག་འགོག་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་མཚོན་གྱི་ཡོད།

    ཐོག་གློག་ལྟ་ཞིབ་ཚད་ལེན་མ་ལག་ནི་གློག་དྲར་ཐོག་ཕོག་ནས་སྐྱོན་ཤོར་བར་དབྱེ་ཞིབ་བྱེད་པའི་འགག་རྩའི་ལག་རྩལ་གྱི་འདེགས་སྐྱོར་ཡིན་པ་དེར་གནད་ལ་འཁེལ་བ་དང་། གོ་ཆོད་དུས་ཡུན་རིང་བ། ཁྱབ་རྒྱ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་སུ་ལྟེ་བའི་ས་ཚིགས་1དང་འཚོལ་ཞིབ་ཚད་ལེན་ས་ཚིགས་68ཡོད་པའི་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་པ་དེ། གཙོ་བོ་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་སོགས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་ནུས་རྒྱུ་གཏོང་འདྲེན་བགྲོད་ལམ་དུ་ཁྱབ་ཡོད།

    དོ་ཁུར་བྱེད་འོས་པ་ཞིག་ལ་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་གསུམ་གྱི་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་ཀྱི་ལེ་ལག་ཚང་སྒྲིག་གི་ཆེས་མཐོ་གནོན་ལས་གྲྭར་ཐོག་གློག་ལྟ་ཞིབ་ཚད་ལེན་དྲ་བ་སྔོན་ལ་བཀོད་སྒྲིག་བྱས་ཡོད། མཚོ་སྔོན་གྱི་མཚོ་ནུབ་ས་ཁུལ་གྱི་རིམ་སྤོར་ས་ཚིགས་3གྱིས་དུས་འགོའི་གྲངས་གཞི་འཚོལ་བསྡུའི་ལས་དོན་སྤེལ་འགོ་བཙུགས་ཏེ། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་གསུམ་གྱི་དམིགས་བསལ་མཐོ་གནོན་ཐད་རྒྱུག་ལས་གྲྭར་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད། མ་ལག་དེས་ཐོག་རྒྱག་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་སྟེ་གློག་དྲར་ཐོག་ཕོག་ནས་སྐྱོན་ཤོར་བར་ཞིབ་འཇུག་བརྡར་གཅོད་ཐུབ་ཚད་60%ཡན་མཐོ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།