རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱེད་པ།
—— ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པ།
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་འབྱུང་འགྱུར་གྱི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཅིང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བཏོན་ཡོད། དེའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཚན་རྩལ་རང་ཚུགས་རང་དར་གྱི་ཆུ་ཚད་ཇེ་མཐོར་ཕྱིན་པ་སོགས་ཚུད་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་མཁན་རྒྱལ་སྤྱིའི་མི་སྣས་ངོས་འཛིན་བྱས་དོན། ཉེན་ཁ་དང་འགྲན་སློང་སྣ་ཚོགས་དུས་གཅིག་ཏུ་འཕྲད་པའི་རྒྱབ་ལྗོངས་འོག ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན། ཀྲུང་གོའི་དཔལ་འབྱོར་ལས་མཉེན་ཆ་དང་། གསོན་ཤུགས། མི་མངོན་པའི་སྟོབས་ཤུགས་བཅས་ཧ་ཅང་ཆེན་པོ་མངོན་ཏེ་འཛམ་གླིང་གི་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་བསྣན་ཡོད། སླད་ཕྱིན་ཀྲུང་གོས་དེ་བས་སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་སྣེ་ཁྲིད་དང་ཐུན་མོང་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་རྒྱུའི་ཡིད་ཆེས་ཡོད།
“ཀྲུང་གོར་2025ལོའི་ལོ་འཁོར་གྱི་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱེད་ཐུབ་པའི་ནུས་པ་རྦད་དེ་ལྡན་ཡོད”
འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་5.2%འཕར་བ་དང་། དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་བྱུང་བ་ལས་གཞི་ཁྱོན་ཤིན་ཏུ་ཆེ་བའི་དཔལ་འབྱོར་དངོས་ཚན་གྱི་མཉེན་ཆ་ཧ་ཅང་ཆེན་པོ་མཚོན་གྱི་ཡོད། དཔལ་འབྱོར་འཕར་ཚད་5.2%ཟིན་པ་དེ་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་པའི་ཐོག་ནས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚུལ་བརྟན་ཤོས་དང་བློས་འགེལ་ཆོག་ཤོས་ཀྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན་པ་མཚོན་གྱི་ཡོད། ཀྲུང་གོའི་དཔལ་འབྱོར་གྱི“བརྟན་པོའི”རྣམ་པ་དང་། “དར་བའི”འཕེལ་ཕྱོགས།“མཉེན་པའི”ཁྱད་ཆོས་བཅས་ལ་འགྱུར་ལྡོག་ཕྱིན་མེད།
ཁུ་པའི་ཧ་ཝ་ནཱ་སློབ་ཆེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱི་བསླབ་རྒན་ཞིབ་འཇུག་པ་ལུའུ་དབྱི་སི·ཧྥེར་ནན་ཏི་སི་ཡིས་བརྗོད་དོན། མིག་སྔའི་ས་འབྲེལ་ཆབ་སྲིད་ཛ་དྲག་པོ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཟང་ཟིང་ཆེ་བའི་རྒྱབ་ལྗོངས་འོག གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ལས་སླ་པོ་ཞིག་རྩ་བ་ནས་མིན། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དེ་འཛམ་གླིང་གི་དཔལ་འབྱོར་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་དང་ཀྲུང་གོ་དང་མཉམ་ལས་བྱེད་མཁན་རྒྱལ་ཁབ་ལ་ཕན་པ་ཧ་ཅང་ཆེན་པོ་ཐོབ་རྒྱུ་རེད།
“ལམ་ལུགས་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཚན་རིག་དང་མཐུན་པར་འགོད་རྒྱུ་དང་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད”
རྒྱལ་སྤྱིའི་མི་སྣས་ངོས་འཛིན་བྱས་དོན། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱུང་བ་ནི་རྒྱལ་ཁབ་ཕྱི་ནང་གི་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅག་ནས་བྱུང་བ་ཞིག་ཡིན་པ་དང་། སྤྱི་ཁོག་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་ནས་གནད་སྨིན་ཤུགས་འདོན་དང་སྲིད་ཇུས་ཁག་ནས་གཡས་གཞོགས་གཡོན་འདེགས་བྱས་པའི་ཕན་འབྲས་རྒྱུན་མི་ཆད་པར་ཐོན་པའི་འབྲས་བུ་ཞིག་རེད། དེ་ལས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་མཉེན་ཆ་གང་ལེགས་མངོན་གྱི་ཡོད།
“ལམ་ལུགས་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཚན་རིག་དང་མཐུན་པའི་སྒོ་ནས་འགོད་རྒྱུ་དང་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད། དེ་ནི་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པའི་འགག་རྩ་རེད”ཅེས་དང་། ཀྲུང་གོས་མ་ལག་གི་འདུ་ཤེས་མཐའ་འཁྱོངས་དང་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་གི་ཕྱི་ནང་གི་ཁོར་ཡུག་ལ་དབྱེ་ཞིབ་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་བཅད་ནས་དུས་ཐོག་ཏུ་ཁ་གཏད་གཅོག་ཐབས་བཏོན་ཡོད། ཀྲུང་གོས་དཔལ་འབྱོར་གྲུབ་ཚུལ་རིམ་འཕར་ལ་རྒྱང་ལྟའི་རང་བཞིན་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ཚན་རྩལ་གསར་གཏོད་དང་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་བརྒྱབ་ནས་ནང་མཁོ་རྒྱ་སྐྱེད་བཏང་བ་དང་ཆབས་ཅིག འཛམ་གླིང་ཡོངས་ཀྱི་ཚོང་དོན་དང་དངུལ་རྩ་དང་མཉམ་ལས་བྱེད་པའི་དྲ་བའང་རྒྱ་སྐྱེད་བཏང་ནས། དཔལ་འབྱོར་གྱི་མཉེན་ཆ་དང་གསོན་ཤུགས་འཕེལ་བར་རྒྱུན་འཁྱོངས་བྱས་ཡོད་ཅེས་ཧྥེར་ནན་ཏི་སི་ཡིས་བརྗོད།
སོ་ཏི་ཨ་རབ་ལི་ཡ་ཏི་ཆབ་སྲིད་དང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཨ་པུའུ་ཏུའུ་ལཱ·ཨ་ཆི་ཙི·ཧྲ་པ་ཉི་ཡིས་ངོས་འཛིན་བྱས་པར། ཤིན་ཏུ་ཆེ་བའི་རྒྱལ་ནང་གི་ཁྲོམ་ར་དང་། འཐུས་སྒོ་ཚང་བའི་ཐོན་ལས་འཁོར་འབྲེལ། རྒྱུན་ཆད་མེད་པར་རིམ་སྤོར་བྱེད་པའི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་སོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་འཁྱོངས་འཕེལ་བར་འདེགས་སྐྱོར་བརྟན་པོ་བྱས་ཡོད། སྤྱི་ཁོག་སྲིད་ཇུས་ཐད་ཀྲུང་གོས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱས་ནས་གསར་དར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དཔེར་ན། ལྗང་མདོག་དཔལ་འབྱོར་དང་། མི་ཐབས་རིག་ནུས། རྩེར་སོན་བཟོ་སྐྲུན་ལས་རིགས་སོགས་སོ།
“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་སྔར་བས་སྲ་བརྟན་དུ་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གདེང་ཚོད་ཆེ་རུ་གཏོང་རྒྱུ་ཡིན”
འདི་ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་གྱི་གྲངས་གཞི་ལས་མངོན་པར། ཀྲུང་གོའི་དཔལ་འབྱོར“རྣམ་པ་གསར་པའི”ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་ཡོད། “ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱེད་སྐབས་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བཅས་བྱས་ནས། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད།
“ཀྲུང་གོ་འདི་ཉིད་ལས་ཕྱོད་དང་གསར་གཏོད་ཁྱད་ཆོས་སུ་འཛིན་པའི་དུས་མཚམས་གསར་པར་སླེབས་ཡོད”ཅེས་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲུང་གོར་ཚན་རྩལ་གསར་གཏོད་དང་། ལྗང་མདོག་འཕེལ་རྒྱས། ཐོན་ལས་རིམ་སྤོར་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དུས་མཚམས་རྗེས་མའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་ལས། ཀྲུང་གོས་སྲིད་ཇུས་དེ་རིགས་ཀྱི་རྒྱུན་སྐྱོང་བཞིན་ཡོད་པ་མཚོན་གྱི་ཡོད། “‘ལོ་ལྔ་ཚན་བཅོ་ལྔ་པའི'རིང་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་སྔར་བས་སྲ་བརྟན་དུ་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གདེང་ཚོད་ཆེ་རུ་གཏོང་རྒྱུ་རེད”ཅེས་ཧྲ་པ་ཉི་ཡིས་ངོས་འཛིན་བྱེད་ཀྱི་ཡོད།
ཕི་ཡེ་ཧོ་ཆིན་སི་ཅི་ཡིས་བརྗོད་དོན། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་དུས་སྐབས་འདིར་ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོས་ལོ་ལྔའི་འཆར་འགོད་བརྒྱུད་དམིགས་སའི་རང་བཞིན་ལྡན་པའི་ཐོན་ལས་རིམ་སྤོར་བྱེད་ཐབས་བཟོས་ཡོད་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱང་ཐོབ་ཡོད། ཀྲུང་གོས་དུས་ཐུང་འཕར་སྣོན་བརྟན་པོ་ཡོང་བར་བྱས་པ་མ་ཟད། དུས་ཡུན་རིང་འབྲིང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་རྨང་གཞི་བརྟན་པོ་དེ་བས་བཏིང་ཡོད།
ཀྲུང་ཡོའི་གྲངས་འཛིན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལུའུ་དབྱི་ཅི·ཀན་པཱ་ཏའེ་ལཱ་ཡིས་ངོས་འཛིན་བྱས་དོན། ཀྲུང་གོ་དེ་ཉིད་གོ་ལ་ཧྲིལ་པོའི་ཐོན་ལས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཉམས་མྱོང་དག་ལས་བརྟན་ཐོག་ཡར་འཕེལ་ཡོང་ཐབས་བྱེད་མཁན་རྒྱལ་ཁབ་ཁག་ལ་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་ཐུབ་རྒྱུ་རེད།
“དཔལ་འབྱོར་རྒྱུན་མཐུད་འཕར་བ་དང་རྒྱུན་ཆད་མེད་པར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཀྲུང་གོས་གོ་ལ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད”ཅེས་དང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡིད་ཆེས་དང་། མཉམ་ལས། བསྟུན་མཁས་སོགས་ཀྱི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ཡོད། ཉིན་རེ་བཞིན་མང་དུ་འགྲོ་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས་པའི་དུས་འདིར། ཀྲུང་གོས་སྔར་ལས་མཉེན་ཆ་ལྡན་པ་དང་མཉམ་ལས་གཉིས་ཁེའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་སྣོན་བཞིན་ཡོད་ཅེས་ཏི་ཝུའེ་ཐེ་ཡིས་བརྗོད།
འབྲེལ་ཡོད་གསར་འགྱུར།