དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་ཀའོ་ཧྲི་ཙའོ་མེའོ་ཡི་ཀྲུང་གོ་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྐོར་ལ་སྐད་ཆ་ནན་པོ་བྱས་པ་དང་རྒོལ་གཏམ་དྲག་པོ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-18

    ཤིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཅང་ཧའོ་ཡིས་བཀའ་ལྟར་རི་པིན་གྱི་ཕྱི་དོན་གྱི་དཔོན་རིགས་གཞོན་པ་ཁྲོན་གཡོད་ཅན་ཡུས་དང་ཐུག་འཕྲད་བྱས་ནས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ཀྲུང་གོ་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྐོར་ལ་སྐད་ཆ་ནན་པོ་བྱས་པ་རེད།

    ཝུའུ་ཅང་ཧའོ་ཡིས་བརྗོད་དོན། རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་རྒྱལ་ཚོགས་སུ་རྩོད་ལན་རྒྱག་སྐབས་ཐའེ་དབན་དང་འབྲེལ་བའི་གནད་དོན་ལ་བསྙད་རྐོ་བའི་གཏམ་བརྗོད་འཛེམ་བག་མེད་པར་སྤེལ་བ་དེ་གཞི་རྩའི་རྒྱུན་ཤེས་ལས་འགལ་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱི་དམར་ཐིག་ལས་བརྒལ་ནས་དྲག་ཤུགས་ཀྱི་འཇིགས་སྣང་སྐུལ་བ་དང་དམག་འཁྲུག་གི་འུད་སྒྲོག་བྱས་ཡོད་ཀྱང་། ནོར་འཁྲུལ་གཏན་ནས་ཁས་མི་ལེན་པ་དང་། གཏམ་བརྗོད་གཏན་ནས་ཕྱིར་འཐེན་མི་བྱེད་པ། ཤུགས་རྐྱེན་ངན་པ་གཏན་ནས་མི་སེལ་བ་བཅས་བྱས་པ་ནི་རྦད་དེ་དུས་བབ་ལ་ནོར་འཁྲུལ་གྱི་བརྡར་ཤ་བཅད་པ་དང་རང་ཚོད་མི་ཟིན་པ་ཞིག་རང་རེད། འབྲེལ་ཡོད་གཏམ་བརྗོད་ཀྱིས་ཀྲུང་གོའི་ནང་སྲིད་ལ་དྲག་ཤུགས་ཀྱིས་ཐེ་ཇུས་བྱས་པས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་བ་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་རི་པིན་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་དགོངས་དོན་ལས་ཚབས་ཆེན་འགལ་བ། ཀྲུང་གོ་དང་རི་པིན་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་གཏོར་བཤིག་ཚབས་ཆེན་བཏང་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ཁོང་ཁྲོ་ཆེན་པོ་བྱེད་པ་དང་བཟོད་བསྲན་གཏན་ནས་བྱེད་མི་སྲིད། དེའི་སྐོར་ལ་སྐད་ཆ་ནན་པོ་བྱེད་པ་དང་རྒོལ་གཏམ་དྲག་པོ་གཏོང་གི་ཡིན།

    ཝུའུ་ཅང་ཧའོ་ཡིས་བསྟན་དོན། ཐའེ་དབན་ནི་ཀྲུང་གོའི་ཐའེ་དབན་ཡིན་ཞིང་། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་ལྟེ་བ་ཡིན། བྱ་ཐབས་གང་ཞིག་སྤྱད་དེ་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བ་བྱེད་པ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པས། ཕྱི་ཕྱོགས་ཀྱི་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག ཀྲུང་གོ་མཐར་གཅིག་གྱུར་ཡོང་བ་དང་གཅིག་གྱུར་ཡོང་ངེས་ཀྱང་རེད། རི་པིན་གྱི་སྲིད་དབང་འཛིན་མཁན་གྱིས་དྲག་ཤུགས་ལ་བརྟེན་ནས་ཐའེ་དབན་མཚོ་འགག་གི་དོན་དག་ལ་ཐེ་ཇུས་བྱ་རྒྱུའི་འུད་སྒྲོག་བྱས་པ་འདི་ནི་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་མངོན་སུམ་འཛེམ་མེད་ངང་འགྲན་སློང་བྱས་པ་ཞིག་ཡིན་པས། དེ་ནི་ཀྲུང་གོ་ཁ་ཕྲལ་གཏོང་བའི་འཐབ་འཁོར་ལ་བསྡད་པ་ཞིག་རེད། རང་ཉིད་ཕྱིར་ལོག་མི་ཐུབ་པའི་ལོག་ལམ་དུ་འཁྲིད་ངེས་རེད།

    ཝུའུ་ཅང་ཧའོ་ཡིས་ནན་བཤད་བྱས་དོན། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཡིན་ལ། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བའི་ལོ་ཡང་རེད། རི་པིན་གྱིས་སྔོན་ཆད་ཐའེ་དབན་ལ་མི་སེར་སྤེལ་བའི་དབང་སྒྱུར་བྱས་ཏེ། ནག་ཉེས་བརྗོད་ཀྱིས་མི་ལངས་པ་བསགས་ཡོད། རི་པིན་དམག་རྒྱལ་རིང་ལུགས་ཀྱིས“ཆགས་འཇིག་ཉམས་ཉེན”ཟེར་བར་ཁ་གཡར་ནས་ཕྱི་ཕྱོགས་ལ་བཙན་འཛུལ་ཐེངས་མང་བྱེད་མྱོང་བ་དང་མཐར་ངོ་གནོངས་དགོས་པའི་ཕམ་ཉེས་བྱུང་ཡོད། ང་ཚོས་རི་པིན་ཕྱོགས་ལ་ནན་པོས་བརྗོད་རྒྱུ་ནི། ད་ཆའི་ཀྲུང་གོ་ནི་དེ་སྔའི་ཀྲུང་གོ་དང་མི་འདྲ་བས་གལ་ཏེ་རི་པིན་གྱིས་དྲག་ཤུགས་ལ་བརྟེན་ནས་ཐའེ་དབན་མཚོ་འགག་གི་དུས་བབ་ལ་ཐེ་ཇུས་བྱས་ཏེ་བཙན་འཛུལ་གྱི་བྱ་སྤྱོད་ཚད་ལ་སླེབས་ཚེ་ཀྲུང་གོ་ཕྱོགས་ཀྱིས་གདོང་བསུས་ནས་རྒོལ་ལན་དྲག་པོ་སློག་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱེད་པ་དང་། སྐྱུག་བྲོ་བའི་གཏམ་བརྗོད་ཕྱིར་འཐེན་བྱས་ཏེ། འཁྲུག་རྐྱེན་སློང་བ་དང་དམར་ཐིག་ལས་བརྒལ་མཚམས་འཇོག་དགོས་པའི་སྐུལ་འདེབས་ནན་པོ་བྱེད་ཀྱི་ཡིན། དེ་འདྲ་མ་བྱས་ན་མཇུག་འབྲས་མཐའ་དག་རི་པིན་ཕྱོགས་ཀྱིས་འཁུར་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།