དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཐོ་རྩལ་གྲུབ་འབྲས་ཀྱི་ཚོང་འདུས་སྐབས་ཉེར་བདུན་པར་འདོད་མཐུན་ཚོང་འགྲིག་དང་མ་དངུལ་འདུ་གཏོང་གི་དངུལ་འབོར་སྒོར་དུང་ཕྱུར་1700ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-18

    ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་16ཉིན་གྲོལ་བའི་ཀྲུང་གོའི་མཐོ་གསར་ལག་རྩལ་གྱི་གྲུབ་འབྲས་ཚོང་འདུས་སྐབས་ཉེར་བདུན་པའི་ཐོག་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་མཐོ་གསར་ལག་རྩལ་གྱི་གྲུབ་འབྲས་ཚོང་འདུས་ལ་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་45ལྷག་ཙམ་ཞུགས་ཡོད་པ་དང་། ས་གནས་ས་ཐོག་ཏུ་ཐོན་རྫས་གསར་པ་དང་གྲུབ་འབྲས་གསར་པ་ཁག་5000ལྷག་ཙམ་ཁྱབ་བསྒྲགས་བྱས་ཏེ། སྤྲོད་མཁོ་འབྲེལ་མཐུད་དང་མ་དངུལ་འདུ་གཏོང་རྣམ་གྲངས་ཁག་1023གྱི་གན་འཇོག་ལ་སྐུལ་འདེད་བཏང་ནས། འདོད་མཐུན་ཚོང་འགྲིག་དང་མ་དངུལ་འདུ་གཏོང་གི་དངུལ་འབོར་སྒོར་དུང་ཕྱུར་1700ལྷག་ཙམ་ཟིན་ཡོད་པ་རེད།

    སྐབས་འདིའི་མཐོ་གསར་ལག་རྩལ་གྱི་གྲུབ་འབྲས་ཚོང་འདུས་ཀྱིས“ཚན་རྩལ་གྱིས་ཐོན་ལས་ལ་མཐུན་རྐྱེན་སྦྱོར། མཉམ་འདྲེས་ཀྱིས་འབྱུང་འགྱུར་གཏོད”བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་ཐོན་རྫས་གསར་ཤོས་དང་། རྩེར་སོན་ལག་རྩལ། གསར་གཏོད་ཐག་གཅོད་ཇུས་གཞི་བཅས་ཕྱོགས་ཡོངས་ནས་གཅིག་ཏུ་འདུས་ཏེ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་གྲགས་ཅན་ཁེ་ལས་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་5000ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཐུབ་པར་བྱས་ཡོད། ས་གནས་ས་ཐོག་ཏུ་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚན་རྩལ་འགྲེམས་སྟོན་ཁུལ་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཆེད་ཁུལ་ཆེད་མངགས་བཙུགས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཕུལ་བྱུང་གྲུབ་འབྲས་མངོན་པར་བྱས་ཡོད།

    སྐབས་འདིའི་མཐོ་གསར་ལག་རྩལ་གྱི་གྲུབ་འབྲས་ཚོང་འདུས་ཀྱིས་རྒྱལ་ཁབ་ཀྱི་མཆོག་ནོར་ཡིན་པའི་གོ་མཚོན་གལ་ཆེན་དང་། མི་ཐབས་རིག་ནུས་དང་འཕྲུལ་མི། གློག་འདྲེན་ཕྱེད་གཟུགས་དང་འདུས་གྲུབ་གློག་ལམ། འཛད་སྤྱོད་གློག་རྡུལ། དམའ་དབྱིངས་དཔལ་འབྱོར་དང་ཚོང་སྤྱོད་མཁའ་འགྲུལ་སོགས་འགྲེམས་ཁུལ་ཆེན་པོ་22བརྒྱུད། རྒྱལ་སྤྱིའི་ཚན་རྩལ་འཕེལ་རྒྱས་ཀྱི་མདུན་ས་དང་རང་རྒྱལ་གྱི་ཆུ་ཚད་མཐོ་བའི་གསར་གཏོད་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་ཚོགས་ཐོག་གི་འགྲེམས་སྟོན་དངོས་པོ་90%ཡན་ནི“མཐོ་མཁས་རྩེ་གསུམ”གྱི་ལག་རྩལ་དང་ཐོན་རྫས་ཡིན་པ་དང་། 20%ལྷག་ཙམ་ནི་ཕུད་འགྲེམས་དང་འགྲེམས་ཐེངས་དང་པོ་ཡིན་པ་རེད།

    དུས་ཡུན་ཉིན་གསུམ་གྱི་མཐོ་གསར་ལག་རྩལ་གྱི་གྲུབ་འབྲས་ཚོང་འདུས་སྐབས་ཉེར་བདུན་པར་བྱེད་སྒོ་གལ་ཆེན་ཁག་200ལྷག་ཙམ་སྤེལ་ཞིང་། ལས་རིགས་དབུ་ཚོགས་དང་། ཆེད་ལས་གླེང་སྟེགས། ཐོན་རྫས་གསར་པ་ཁྱབ་བསྒྲགས། རྣམ་གྲངས་ལམ་བསྒྲགས། ལག་རྩལ་བགྲོ་གླེང་། དབང་གྲགས་ཀྱི་བྱ་དགའ་སྤྲོད་པའི་དཔྱད་བསྡུར་སོགས་ཚུད་ཡོད་པ་དང་། དེའི་ནང་གི་ཆེད་ལས་གླེང་སྟེགས་ཁྲོད། ཀྲུང་གོའི་མཐོ་གསར་ལག་རྩལ་གླེང་སྟེགས་དང་། མི་ཐབས་རིག་ནུས་ཐོན་ལས་གསར་གཏོད་གླེང་སྟེགས། ཀྲུང་གོའི་དམའ་དབྱིངས་དཔལ་འབྱོར་ཐོན་ལས་མཐོ་རིམ་གླེང་སྟེགས། གློག་འདྲེན་ཕྱེད་གཟུགས་ཐོན་ལས་འཁོར་འབྲེལ་སྐྱེ་ཁམས་འཛུགས་སྐྱོང་གླེང་སྟེགས། ཐོན་སློབ་མཉམ་འདྲེས་དང་ཚན་སློབ་མཉམ་འདྲེས་གླེང་སྟེགས་སོགས་ཀྱི་བྱེད་སྒོ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།