དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒན་གསོའི་ནད་གཡོག་ཤེས་ལྡན་པ་མཁོ་འདོན་བྱས་ནས་དགོས་མཁོ་སྔར་བས་ལེགས་པ་ཇི་ལྟར་སྐོང་དགོས་སམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཁྲང་ཡུས།   |     སྤེལ་དུས།  2025-11-18

    སྲིད་ཇུས་དྲི་བ་དྲིས་ལན།

    ཀློག་པ་པོའི་དོ་ཁུར་བྱ་ཡུལ།

    ངའི་ཨ་མ་ནི་འཚོ་བའི་ཐད་རང་སྐྱ་འཕེར་མི་ཐུབ་པའི་རྒན་འཁོགས་ཤིག་རེད། དུས་རྒྱུན་ང་དང་ངའི་ཁྱོ་གས་རེས་མོས་ངང་ལྟ་སྐྱོང་བྱེད་ཀྱི་ཡོད་སྟབས་རིམ་བཞིན་སེམས་ཀྱིས་བསམས་ཀྱང་ལུས་པོས་མི་ལྕོགས་པར་ཨ་མར་ལྟ་སྐྱོང་མཁན་ཞིག་བོས་བསམས་ཀྱང་། ནད་གཡོག་པ་འགའི་ཉམས་མྱོང་དང་གཡོག་བྱེད་བྱེད་སྟངས་ང་ཚོའི་རེ་བ་དང་མཐུན་ཨེ་ཡོང་སྙམ་པའི་སེམས་ཁྲལ་བྱུང་། དེས་ན་རྒན་གསོའི་ནད་གཡོག་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱེད་པའི་དམིགས་སའི་སྲིད་ཇུས་གང་འདྲ་ཡོད་དམ་ཞེ་ན།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་། “རྒན་རྒོན་འབོར་ཆེན་མང་དུ་ཕྱིན་པར་ཁ་གཏད་ཧུར་ཐག་བཅག་སྟེ། རྒན་གསོའི་བྱ་གཞག་དང་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད།

    རྒན་གསོའི་ནད་གཡོག་ཤེས་ལྡན་པ་མཁོ་འདོན་བྱེད་ཤུགས་དང་རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པའི་ལྟ་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་རྒན་རྒོན་འབོར་ཆེན་མང་དུ་ཕྱིན་པར་ཁ་གཏད་ཧུར་ཐག་གཅོག་པ་དང་། རྒྱ་ཆེའི་རྒན་རྒོན་གྱི་སྤུས་ཚད་མཐོ་བའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྐོང་བ། རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

    2024ལོའི་ལོ་མཇུག་བར། རང་རྒྱལ་དུ་ལོ་60དང་དེ་ཡན་གྱི་རྒན་རྒོན་གྱི་མི་འབོར་དུང་ཕྱུར་3.1ཟིན་ནས་མུ་མཐུད་འཕར་ཚུལ་མངོན་བཞིན་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་རྒན་གསོ་ཞབས་ཞུའི་དགོས་མཁོ་སྔར་བས་སྣ་མང་དུ་ཕྱིན་ནས་ཤེས་ལྡན་པ་སྔར་བས་མང་བ་རྒན་གསོ་ཞབས་ཞུའི་ལས་རིགས་ནང་ཞུགས་རྒྱུ་དགོས་གལ་ཤིན་ཏུ་ཆེ་ལ། རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པའི་ཤེས་བྱ་གསར་སྒྱུར་དང་འཇོན་ཐང་གི་བྱང་ཚད་ལའང་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།

    རྒན་གསོའི་ནད་གཡོག་ཤེས་ལྡན་པ་མཁོ་འདོན་བྱས་ནས་དགོས་མཁོ་སྔར་བས་ལེགས་པ་ཇི་ལྟར་སྐོང་དགོས།

    སྲིད་ཇུས་ཀྱིས་ཁྲིད་སྟོན་བྱ་རྒྱུར་ཤུགས་བརྒྱབ་སྟེ་ཤེས་ལྡན་པ་མཁོ་འདོན་ཐུབ་པར་བྱས་ཡོད། ཉེ་བའི་ལོ་ཤས་རིང་། 《རྒན་གསོའི་ཞབས་ཞུ་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》སོགས་ཀྱི་སྲིད་ཇུས་ཡིག་ཆར་རྒན་གསོ་ཞབས་ཞུའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒན་གསོའི་ནད་གཡོག་པ་དང་། རྒན་རྒོན་གྱི་རང་སྐྱ་འཕེར་ནུས་ལ་ཚོད་སྐོར་བྱེད་མཁན་སོགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་ཀར་མ་ཞུགས་གོང་གི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཚུལ་བཏོན་ཡོད་ལ། དམངས་སྲིད་པུའུ་ཡིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་མཉམ་དུ་རྒན་གསོ་ཞབས་ཞུའི་ཤེས་ལྡན་པ་གསོ་སྦྱོང་དང་རྩལ་ནུས་མཐོར་གཏོང་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་བ་མ་ཟད། 《རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པའི་ཆེད་དོན་གསོ་སྦྱོང་ལག་བསྟར་ཇུས་གཞི》བཀྲམ་ནས་རྒན་གསོ་ཞབས་ཞུའི་ལས་ཀ་བྱེད་འདོད་ཡོད་པའི་ལས་ཞུགས་ཀྱི་གཙོ་གནད་ཚོགས་སྤྱི་དང་། ནུས་ཤོར་རྒན་རྒོན་ཁྱིམ་ཚང་གི་ཁོངས་མི་དང་། རྒན་གསོ་ཞབས་ཞུའི་སྒྲིག་གཞིའི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་མུས་ཀྱི་རྩལ་ནུས་པ་སོགས་ལ་དམིགས་ཏེ། དུས་ཡུན་ལོ་གསུམ་ནང་རྒན་གསོའི་ནད་གཡོག་པ་དང་། རྒན་རྒོན་གྱི་རང་སྐྱ་འཕེར་ནུས་ལ་ཚོད་སྐོར་བྱེད་མཁན་སོགས་རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པ་མི་ཐེངས་ཁྲི་150ཡས་མས་གསོ་སྦྱོང་བྱ་རྩིས་ཡོད་པ་རེད། མིག་སྔར། དམངས་སྲིད་པུའུ་ཡིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་མཉམ་དུ་རྒན་གསོའི་ཞབས་ཞུ་མཁན་གྱི་ལས་རིགས་ཐོབ་ཐང་ལམ་ལུགས་མགྱོགས་མྱུར་འཛུགས་པར་སྐུལ་འདེད་བཏང་ཡོད།

    ལས་རིགས་འཕེལ་རྒྱས་གཏོང་ལམ་ཤར་གཏོང་བྱས་ནས་ཤེས་ལྡན་པ་སྡོད་ཐུབ་པར་བྱས་ཡོད། ད་ལོའི་ཟླ་བ་གསུམ་པར། དམངས་སྲིད་པུའུ་ཡིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་མཉམ་དུ《རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པའི་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་གྱི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་རྒན་གསོའི་ནད་གཡོག་པས་གཙོས་པའི་རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པའི་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་གྱི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། ས་གནས་ཁག་ལ་རྒན་གསོའི་ནད་གཡོག་པའི་ལས་ཞུགས་ཀྱི་ཁ་གསབ་དང་ལས་གནས་ཀྱི་ཕོགས་སྣོན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱ་རྒྱུ་དང་། ལས་རིགས་རྩལ་ནུས་རིམ་པ་དང་ལས་ཀའི་ལོ་ཚད་ལ་གཞིགས་ནས་ལྟ་སྐྱོང་གི་རིན་གོང་གཏན་འཁེལ་གྱི་ལམ་ལུགས་རིམ་པས་བཙུགས་ཏེ་རྒན་གསོའི་ནད་གཡོག་པའི་ལས་རིགས་ཀྱི་ཡིད་དབང་འགུགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཚུལ་བཏོན་ཡོད།

    གོམ་སྟབས་རྗེས་མར། དམངས་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པ་གསོ་སྦྱོང་དང་ལས་རིགས་ཀྱི་རྩལ་ནུས་རིམ་པ་ངོས་འཛིན་ལས་དོན་གྱི་མཛུབ་ཁྲིད་དང་གསོ་སྦྱོང་གི་སློབ་གཞི་གསར་སྤེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མ་ཟད། འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་དུས་དང་བསྟུན་ཏེ་རྒན་གསོའི་ནད་གཡོག་པའི་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་ཚད་གཞིར་བཟོ་བཅོས་རྒྱག་རྒྱུའི་ལས་དོན་སྤེལ་ནས་རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པའི་འཇོན་ཐང་གི་བླང་བྱ་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།