“ཀོང་ཏུང་གི་སྒེར་འཁོར་ཤང་ཀང་དུ་སྐྱོད་ཆོག་པའི”སྲིད་ཇུས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ།
ཟླ་11ཚེས་15ཉིན་གྱི་ཆུ་ཚོད་0ནས་བཟུང་།“ཀོང་ཏུང་གི་སྒེར་འཁོར་ཤང་ཀང་དུ་སྐྱོད་ཆོག་པའི”སྲིད་ཇུས་དངོས་སུ་ལག་ལེན་བསྟར་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཕན་ཚུན་སྦྲེལ་མཐུད་དེ་བས་གོམ་གང་མདུན་སྤོས་བྱུང་ཡོད། ཆ་རྐྱེན་དང་འཚམ་པའི་ཀོང་ཏུང་སྒེར་འཁོར་གྱི་འཁོར་བདག་གིས་རླངས་འཁོར་བཏང་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ཤང་ཀང་འགག་སྒོའི་རང་འགུལ་ཅན་གྱི་རླངས་འཁོར་འཇོག་སར་སྐྱོད་ཆོག ཉིན་དེར་ཆོག་མཆན་ཁག་དང་པོ་ཐོབ་པའི་རླངས་འཁོར་གྱིས“གཅིག་འཐུས་རྣམ་པའི”དཔྱད་བཤེར་བགྲོད་ལམ་བརྒྱུད་རླངས་འཁོར་ལ་ཞིབ་བཤེར་དང་། ངོ་རིས་ངོས་འཛིན། ལག་རིས་བསྡུར་བ་སོགས་བརྒྱུད་སྐར་མ་གཅིག་ཀྱང་མ་འགོར་བར་འགག་སྒྲོལ་གྱི་འགྲོ་ལུགས་གཉེར་ཐུབ་ཡོད།
ནང་སའི་རླངས་འཁོར་འགག་སྒོ་སྒྲོལ་ནས་འགྲོ་འོང་བྱེད་པར་སྔར་བས་སྟབས་བདེ་བསྐྲུན་ཆེད། ཀྲུའུ་ཧའེ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ཐོ་འགོད་སྙན་སེང་དང་དཔྱད་བཤེར་གྱི་བརྒྱུད་རིམ་ཞིབ་འཇུག་ཧུར་ཐག་བྱས་ནས་ལེགས་སུ་བཏང་སྟེ་རླངས་འཁོར་དང་ཁ་ལོ་བའི་ཐོ་འགོད་སྙན་སེང་གི་འགྲོ་ལུགས་ཚང་མ་དྲ་ཐོག་ནས་རང་འགུལ་ངང་བསྒྲུབ་ཐུབ་པར་སྐུལ་འདེད་བཏང་བ་དང་ཀང་ཀྲུའུ་ཨའོ་ཟམ་ཆེན་ཀྲུའུ་ཧའེ་གཞུང་ལམ་འགག་སྒོའི“གཅིག་འཐུས་རྣམ་པའི”མ་ལག་རིམ་སྤོར་གྱི་སྒྱུར་བཀོད་འདུ་འགོད་ལེགས་སྒྲུབ་ཡོང་བར་སྐུལ་འདེད་ཀྱང་བཏང་ཡོད།
ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་ནས་ལོ་7སོང་ཚུན། ཟམ་ཆེན་བརྒྱུད་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་ནས་ས་གནས་གསུམ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་9340ཟིན་པ་དང་། རིམ་རྩིས་བརྒྱབ་ན། རླངས་འཁོར་ཐེངས་ཁྲི་1950ཟིན་ཏེ་འགྲུལ་རྒྱུན་དང་འཁོར་རྒྱུན་ལོ་རེར་ཆ་སྙོམས་འཕར་ཚད་16%དང་45%སོ་སོར་བརྒལ་ཡོད། “ཨའོ་མོན་གྱི་རླངས་འཁོར་ནང་སར་འཛུལ་ཆོག་པ”དང“ཤང་ཀང་གི་སྒེར་འཁོར་ཀོང་ཏུང་ཞིང་ཆེན་དུ་སྐྱོད་ཆོག་པའི”སྲིད་ཇུས་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་ཐུབ་ནས་ཀང་ཨའོ་ཡི་གྲོང་མི་སྔར་བས་མང་བ་རླངས་འཁོར་བཏང་ནས“ཀོང་ཏུང་ཞིང་ཆེན་དུ་བསྐྱོད”དེ་རྒྱལ་སྒྲོལ་འཛད་སྤྱོད་དང་། ཡུལ་སྐོར། ལས་ཀ་སོགས་བྱེད་ཀྱི་ཡོད་པས། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཉིན་རེའི་འཁོར་རྒྱུན་མཐོ་ཤོས་ཐེངས་ཁྲི་2.8ཟིན་གྱི་ཡོད།
འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། “ཀོང་ཏུང་གི་སྒེར་འཁོར”ཤང་ཀང་གྲོང་ཁུལ་དུ་སྐྱོད་ཆོག་པའི་སྲིད་ཇུས་ཟླ་12ཚེས་23ཉིན་ནས་དངོས་སུ་དོན་འཁྱོལ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།