དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཞབས་ཞུས་དམངས་ལ་དྲོ་སྐྱིད་སྦྱིན། བཅོས་སྐྱོང་ཆེན་པོའི་ཕན་འབྲས་མངོན།

    —— ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    སྟོན་མཇུག་གི་ཉིན་ཞིག ཆུ་ཤུར་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་རྒྱལ་སྒོའི་འགྲམ་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། དབུ་སྐྲ་དུང་ལྟར་དཀར་བའི་རྒན་རྒོན་130ལྷག་ཙམ་སྟོད་གོས་དམར་པོ་གྱོན་པའི་ཏང་ཡོན་དང་བླངས་པའི་རོགས་རམ་འོག་ལྟ་སྐོར་རླངས་འཁོར་ནང་འཛུལ་བཞིན་འདུག དེ་ནི“གྲོང་ཁྱེར་གསར་པར་ལྟ་སྐོར་དང་། ཉ་པ་གྲོང་ཚོར་ལྗོངས་རྒྱུ་བྱེད་པ། ཕ་ཡུལ་གྱི་འཕེལ་རྒྱས་ལ་ལྟ་བ”བཅས་ཀྱི་བྱེད་སྒོ་ཆར་སིམ་ཁྲོད་འགོ་ཚུགས་པ་རེད། “ཨ་མ་ལགས། ང་ལ་ལག་པ་བཏང་གནང་དང་། གཟབ་གཟབ་མ་གནང་ན་འདྲེད་བརྡབ་ཤོར་གནང་ཡོང”“ཉི་གདུགས་བརྒྱབ་ན་མ་གཏོགས་ཆར་པས་རློན་པ་ཆགས་ཡོང”ཞེས་བརྗོད་བཞིན་དང་བླངས་པ་ཚོས་རྒན་རྒོན་ཚོར་རོགས་པ་བྱས། རླངས་འཁོར་འཇུན་པ་ཟམ་ཆེན་གསར་པ་ནས་སྐྱོད་སྐབས་རྒན་རྒོན་ཚོས་བསྔགས་བརྗོད་ཡང་ཡང་བྱེད་ཅིང་། “ཟམ་པ་གསར་པ་བརྒྱབ་ཙང་འགྲོ་བདེ་རུ་ཕྱིན་འདུག སྔོན་མ་ཟམ་པ་མེད་སྐབས་ཀོ་གྲུ་སྡོད་པའམ་ཡང་ན་རྐང་ཐང་མར་སྐྱོད་ན་ཉིན་ཕྱེད་ཙམ་འགོར་གྱི་ཡོད”ཅེས་བགྲེས་སོང་ཞིག་གིས་ཟམ་པར་ལྟ་བཞིན་དེ་ལྟར་བརྗོད།

    འཇུན་པ་གྲོང་ཚོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀོ་རྩེད་འཁྲབ་སྟོན་བྱས་པས་རྒན་རྒན་ཚོའི་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོག་ཅིང་། “ཀོ་རྩེད་ཡག་པོ་འཁྲབ་སོང་། ཕ་ཡུལ་གསར་པ་བསྐྲུན་ཆེད་ཏང་རྩ་འཛུགས་ཀྱིས་སྐུ་ལས་མང་པོ་བསྐྱོན་འདུག་ལ། ང་ཚོར་ཡང་ཐུགས་ཁུར་གཟབ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཆུ་ཕུ་གྲོང་ཚོའི་བགྲེས་སོང་བསྟན་འཛིན་གྱིས་སེམས་འགུལ་ཐེབས་བཞིན་བརྗོད།

    འཁྲབ་སྟོན་གྱི་བར་གསེང་དུ། ན་གཞོན་ཏང་ཡོན་དང་བླངས་པ་ཚོས་རྒན་རྒོན་ཚོར་ཏང་གི་འགོ་ཁྲིད་འོག་འཇུན་པ་གྲོང་ཚོ་སྔོན་མའི་ཉ་པའི་གྲོང་ཚོ་ཆུང་ངུ་ནས་ད་ཆ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཚོར་གྱུར་པའི་སྐོར་བརྗོད་སྐབས་རྒན་རྒོན་ཚོས་ནན་ཏན་ངང་ཉན་བཞིན་མགོ་བོ་ལྕོག་ལྕོག་བྱེད་ལ། ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

    དེ་རྗེས་ཀྱི་བཞུགས་མོལ་སྤེལ་རེས་བྱེད་སྐབས། ཏང་ཡོན་དང་བླངས་པ་དང་རྒན་རྒོན་ཚོས་གཏམ་གླེང་བྱས་ཤིང་། ཏང་ཡོན་དང་བླངས་པ་ཚོས་རྒན་རྒོན་རྣམ་པས་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཐོ་བཀོད་བྱས་པ་མ་ཟད། ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས་ས་གནས་ས་ཐོག་ཏུ་རྩིས་ཁྲ་བཟོས་པ་དང“ད་ལོའི་དགུན་ཁར་སྲིད་ཇུས་དུད་ཚང་དུ་དྲིལ་བསྒྲགས་བྱེད་པ”དང“དགུན་ཁའི་གུང་གསེང་རིང་བྱིས་པ་བཅོལ་གསོའི་ཞབས་ཞུ”སོགས་ཀྱི་གྲོས་འགོ་མགྱོགས་མྱུར་ཐག་གཅོད་བྱ་རྒྱུའི་ཁོངས་སུ་བཞག་པ་དང་། དེ་བྱིངས་ཏང་འཛུགས་སྐྱོང་ཁྲོད་བཞག་ནས། མུ་མཐུད་དོན་འཁྱོལ་བྱ་རྒྱུའི་ཐག་བཅད་པ་རེད།

    ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཤང་ཏན་གྱིས“ང་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤྲོ་སེམས་མི་ཉམས་པ་བྱས་ནས་དུས་ཐོག་ཏུ་ཏང་གི་ཐུགས་ཁུར་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་ཀྱི་ཡིན། སླད་ཕྱིན་མུ་མཐུད་འབད་བརྩོན་ལྷོད་མེད་བྱས་ནས་མང་ཚོགས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ནང་སྐྱེས་འགུལ་ཤུགས་འཕེལ་བར་བྱས་ཏེ། དམངས་སེམས་ཡོངས་སུ་ཚིམ་ཐུབ་པའི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཤུར་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།