དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རྩལ་ནུས་བོད་སྐྱོར་གྱི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པ།

    —— མངའ་རིས་ཀྱི“ཨར་ལས་པ་བརྒྱ”ཧྲའན་ཤིས་སུ་ལག་རྩལ་སྦྱོང་བར་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    འདི་ནི་མངའ་རིས་ས་ཁུལ་གྱི“ཨར་ལས་པ་བརྒྱ”ཧྲའན་ཤིས་སུ་གསོ་སྦྱོང་བྱེད་རིང་། དངོས་སྦྱོང་བྱ་ཡུལ་དུ་གྱང་རྩིག་ཆེད་ལས་རྩལ་ནུས་ལ་དམིགས་ནས་དངོས་སྦྱོང་ཤེས་བྱའི་སྐོར་བཤད་པས་སློབ་མ་ཚོས་ནན་ཏན་ངང་ཉན་བཞིན་པ། (པར་རིས་འདི་ནི་མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱིས་མཁོ་འདོན་བྱས)

    ཉེ་ཆར་མངའ་རིས་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཐོག་སོ་གསུམ་པའི་གྲོས་ཚོགས་ཁང་དུ་དྲོ་སོབ་སོབ་ཡོད་ཅིང་། “ཨར་ལས་པ་བརྒྱའི”སློབ་གཉེར་བ་ཁག་དང་པོ་ཧྲའན་ཤིས་སུ་གསོ་སྦྱོང་ལ་སྐྱོད་པའི་མཛད་སྒོ་དེ་གར་འཚོགས་པ་རེད། རྫོང་7ནས་ཡོང་བའི་ཞིང་འབྲོག་པའི་སློབ་གཉེར་བ་25མཉམ་དུ་འཛོམས་ཤིང་། ངོ་གདོང་ལས་རེ་སྒུག་གི་འཛུམ་མདངས་འཕྱུར་བ་དང་ཁོང་ཚོ་ཧྲའན་ཤིས་སུ་དུས་ཡུན་ཉིན་30ཡི་གྱང་རྩིག་དང་ལྕགས་རྩིབས་ཀྱི་ཆེད་ལས་རྩལ་ནུས་སྦྱོང་བར་བསྐྱོད་རྒྱུ་རེད།

    སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དར་རྒྱས་སྡེ་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཀྲེན་གྱིས། ད་ཐེངས་ཧྲའན་ཤིས་སུ་གསོ་སྦྱོང་ལ་བསྐྱོད་པ་ནི་མི་སྒེར་འཚར་ལོངས་ཡོང་བའི་གོ་སྐབས་ཙམ་མ་ཟད། ད་དུང་གྲོང་མི་རྣམས་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པའི“སྦྲེལ་ཟམ”ལྟ་བུར་གྱུར་ཏེ། བུད་མེད་དེ་བས་མང་བ་ཁྱིམ་ནས་ཐོན་ཏེ་ཡོང་འབབ་གསོག་རྒྱུ་མངོན་འགྱུར་ཐུབ་རྒྱུ་རེད་ཅེས་བཤད།

    ཀྲུའུ་ཀྲེན་དང་མི་འདྲ་བར་ལོ་23ལ་སླེབས་པའི་སྒེར་རྩེ་རྫོང་མ་མིག་ཤང་ཁལ་ཆེན་གྲོང་ཚོའི་ཡུལ་མི་རིག་འཛིན་བློ་གྲོས་ནི་རྩལ་ནུས་ལས་ཞུགས་ཀྱི་ཕན་པ་ཐོབ་མཁན་ཞིག་རེད། 2021ལོར་ཁོང་མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ས་བླུག་འཕྲུལ་འཁོར་གསོ་སྦྱོང་ལ་ཞུགས་ནས་དམའ་རིམ་ལག་ཁྱེར་རག་ཡོད། ད་ལོའི་ཟླ་བ་ལྔ་པར་ཁོང་དང་གྲོགས་པོས་མཉམ་དུ་མ་དངུལ་སྒོར་ཁྲི་3བསྡུས་ནས་ས་བླུག་འཕྲུལ་འཁོར་ཆུང་གྲས་ཤིག་ཉོས། ཟླ་བ་དྲུག་པ་ནས་བཅུ་པའི་བར་རྫོང་གྲོང་དུ་ཨར་ལས་འགན་གཙང་བླངས་པར་མི་གཉིས་ལ་ཡོང་འབབ་ཁྱོན་སྒོར་ཁྲི་1.2ལྷག་ཙམ་བྱུང་ཡོད། “ཨར་ལས་གསོ་སྦྱོང་སྐོར་ཐོས་སྐབས་ངས་ལམ་སེང་མིང་ཐོ་བཀོད་པ་ཡིན། གོ་སྐབས་འདི་འདྲ་དངོས་གནས་རག་ཁག་པོ་རེད”ཅེས་རིག་འཛིན་བློ་གྲོས་ཀྱིས་སེམས་ཤུགས་ཀྱིས་ཁེངས་བཞིན་བཤད།

    “སྔོན་ཆད་ལག་ཁྱེར་མེད་པས་ལས་ཀ་འཚོལ་ཁག་པོ་འདུག རྗེས་སུ་དམའ་རིམ་གྱང་རྩིག་ལག་ཁྱེར་རག་རྗེས་ལས་ཀ་འཚོལ་བདེ་རུ་ཕྱིན་སོང་། ད་ཐེངས་ཧྲའན་ཤིས་སུ་དེ་བས་ཆེད་ལས་ཀྱི་ལག་རྩལ་སྦྱོང་བར་འགྲོ་རྒྱུ་བྱུང་བས་ངས་ངེས་པར་དུ་སློབ་སྦྱོང་ཧུར་ཐག་བྱས་ནས་ལག་རྩལ་སྔར་བས་ཡག་ཏུ་གཏོང་གི་ཡིན”ཞེས་ལོ་55ལ་སླེབས་པའི་སྒར་རྫོང་གཙོ་ཚོ་ཤང་གླང་བཅུ་གྲོང་ཚོའི་ཡུལ་མི་བསྟན་འཛིན་དབང་ཕྱུག་གིས་སེམས་འགུལ་ཐེབས་བཞིན་བཤད། 2020ལོར་ཁོང་གིས་ཤང་ནས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་བརྒྱུད་དམའ་རིམ་གྱང་རྩིག་གི་ལག་ཁྱེར་རག་ནས་འཚོ་བའི་ལམ་བུ་སྔར་བས་ཇེ་ཡངས་སུ་ཕྱིན་ཡོད། ད་ཐེངས་ཧྲའན་ཤིས་སུ་གསོ་སྦྱོང་དུ་བསྐྱོད་རྒྱུའི་གོ་སྐབས་ཡོད་པ་ཤེས་རྗེས་ཁོང་གིས་ལམ་སེང་མིང་ཐོ་བཀོད་པ་རེད། རང་ཉིད་ཀྱི་རྩལ་ནུས་སྔར་བས་ཆེ་རུ་བཏང་ནས་ཁྱིམ་གྱི་འཚོ་བ་དེ་བས་སྐྱིད་དུ་གཏོང་རྩིས་ཡོད་པ་རེད།

    ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་དང་མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཞའོ་ཕིང་གིས། ད་ཐེངས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི་མ་དངུལ་ནི་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་ཧྲའན་ཤིས་ཞིང་ཆེན་མི་སྤྱི་ཐིང་གི《རྩལ་ནུས་བོད་སྐྱོར་གྲོས་མཐུན》ལས་བྱུང་བ་རེད་ཅེས་ངོ་སྤྲོད་བྱས། གྲོས་མཐུན་ལ་གཞིགས་ན། ཧྲའན་ཤིས་ཞིང་ཆེན་མི་སྤྱི་ཐིང་གིས་ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་100བཏང་ནས་མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    རྩལ་ནུས་གསོ་སྦྱོང་བརྒྱུད་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་ནི་མངའ་རིས་ས་ཁུལ་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ད་ལོ་ནས་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ“ལས་ཞུགས་འབབ་འཕར”གྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་བ། ལས་ཞུགས་ཞབས་འདེགས་ལེགས་སུ་བཏང་བ་བཅས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཟླ་11ཚེས་3ཉིན་བར་ས་ཁུལ་ཡོངས་སུ་ཞིང་འབྲོག་པ་10095ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་2.268ཟིན་ནས་ལོ་འཁོར་དམིགས་ཚད་ཀྱི་100.95%དང་141.75%སོ་སོར་ལེགས་སྒྲུབ་བྱས་པ་དེ་2024ལོའི་དུས་མཚུངས་ལས་28.8%དང་129.18%སོ་སོར་འཕར་ཡོད།

    ད་ལོ་ནས་མངའ་རིས་ས་ཁུལ་གྱིས་མི་2523ལ་ཁྱབ་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ཐེངས་58བྱས་ཡོད།

    མངའ་རིས་ས་ཁུལ་གྱིས་ད་དུང“རྫོང་རེར་སྤུས་རྟགས་རེའི”ངལ་ནུས་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཞིང་། བརྟག་ཞིབ་མཐིལ་རྟོགས་རྒྱ་ཁྱབ་བྱས་པ་བརྒྱུད། ངལ་ནུས་སྤུས་རྟགས་ཀྱི་གྲངས་འབོར་དང་། ཁྱབ་ཚུལ། ཁྱད་ཆོས་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་ཀྱི་འཆར་འགོད་དང་འཛུགས་སྐྲུན་ཇུས་གཞི་བཟོས་ཡོད། མིག་སྔར་ས་ཁུལ་ཡོངས་སུ་ངལ་ནུས་སྤུས་རྟགས་6བཏོད་པ་དང་ཞིང་འབྲོག་པ་མི་ཐེངས་2543ལས་ཞུགས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།