དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལྗང་མདོག་འཕེལ་རྒྱས་ཀྱི་ས་མཐོའི་ལེའུ་རྩོམ་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2025-11-18

    2021ལོར། རང་ལྗོངས་ཀྱིས་གཞི་ཁྱོན་ཆེན་པོས་རི་ཁ་ནགས་བཟོ་དང་སྐྱེ་ཁམས་སླར་གསོའི་ལས་གྲྭ་ཐོག་མ་སྟེ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འགོ་བཙུགས་པ་དང་། འཆར་གཞི་ལྟར་ན་ལོ་བཅུའི་རིང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་206.72ལེགས་གྲུབ་བྱས་ཏེ། “ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་དུ་འགྱུར་བ་དང་ལོ་བཅུའི་ནང་ལྷ་སར་སྔོ་ལྗང་གིས་ཡོངས་སུ་ཁྱབ་པའི”བསམ་བཀོད་མངོན་འགྱུར་བྱ་རྒྱུ་རེད། ལོ་བཞི་ཡི་རིང་། ལྷ་ས་སྐྱིད་ཆུའི་ངོགས་གཉིས་ཀྱི་ས་བབ་མཐོ་ཚད་སྨི་3600ནས་སྨི་4100བར་དང་། གཟར་ཚད་ཏུའུ་0ནས་63བར། རི་ཁར་རྡོ་ཧྲུག་འདུས་ཚད་60%ནས་70%བར་བཅས་ཀྱི་སྐྱ་ཐེར་རི་ཁ་སྔོ་ལྗང་གིས་བརྒྱན་ནས་རེ་བས་ཕྱུག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཡོད།

    རིམ་རྩིས་བརྒྱབ་པར་གཞིགས་ན། ནགས་བཟོ་མུའུ་ཁྲི་110.87བྱས་པ་དང་ཤིང་སོན་སྡོང་རྐང་དུང་ཕྱུར་1.25ལྷག་ཙམ་བཏབ་པས་གསོན་ཚད་85%ཟིན་པ་དང་། ངལ་ནུས་མི་ཐེངས་ཁྲི་970སྤྱད་པ་དང་ཡོང་འབབ་སྒོར་དུང་ཕྱུར་31ལྷག་ཙམ་འཕར་རྒྱུར་སྣེ་ཁྲིད་ཐུབ་ཡོད། ལས་གྲྭ་དེ་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས“སྐྱེ་ཁམས་ཁོར་ཡུག་གི་ལས་གྲྭ་གལ་ཆེན་ལག་བསྟར་ལ་སྐུལ་འདེད་གཏོང་བའི”དཔེ་མཚོན་དུ་བཞག་པ་མ་ཟད། རྒྱལ་ཡོངས་ལས་བྱེད་པའི་ཀློག་དེབ《ཐཱན་མཐོ་ཤོས་དང་ཐཱན་སྙོམ་སྦྱོར་གྱི་མ་དཔེ་འདེམས་བཀོད》ནང་བཀོད་ཡོད། ལོ་བཞི་ཡི་རིང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་ཚོས“རི་རྒོད་སྔོ་ལྗང་དུ་འགྱུར་རྒྱུའི་དམ་བཅའ”བློ་ལ་བརྟན་པོར་ངེས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བོད་ཀྱི་དོན་དངོས་དང་འཚམ་པ་དང་། བོད་ཀྱི་ཁྱད་ཆོས་ལྡན་པ། བོད་ཀྱི་བློ་གྲོས་མངོན་པ་བཅས་ཀྱི་ནགས་བཟོའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ངོ་མཚར་ལྡན་པའི་བྱས་རྗེས་བཞག་ཡོད།

    འདི་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ཤིང་འཛུགས་ནགས་བཟོ་ཁོ་ན་བྱེད་པ་ཙམ་གྱི་ལས་གྲྭ་ཞིག་མིན་པར། འདི་ནི་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་ལྷག་པར་དུ“རི་གཉིས”ཀྱི་འདུ་ཤེས་ནང་འདུས་པའི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་བར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་གོ་བ་གཏིང་ཟབ་ལོན་པ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བ་ཞིག་ཡིན་པའི”ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིབ་ཕྲ་ཅན་དང་ལག་ལེན་ཅན་དུ་འགྱུར་བ་བྱ་རྒྱུ་དེ་ཡིན།

    འདི་ནི་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་མ་ལག་བཅོས་སྐྱོང་ཞིག་རེད། “ནགས་ཚལ་འཚམ་སར་ནགས་བཟོ་དང་། ཆུ་འདྲེན་འཚམ་སར་ཆུ་འདྲེན་པ། རྩྭ་འདེབས་འཚམ་སར་རྩྭ་འདེབས”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པའམ་ཡང་ན་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ལྟ་འདོམས་དྲ་རྒྱ་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འཆར་འགོད་དང་སྣེ་ཁྲིད་ལ་གཙིགས་ཆེན་བྱས་ཏེ་ལེ་ལག་ཚང་བའི་ཁྲིམས་སྲོལ་ལམ་ལུགས་རབ་དང་རིམ་པ་བཟོས་ནས་བཏོན་པའམ་ཡང་ན་མི་ཐབས་རིག་ནུས་སོགས་ལག་རྩལ་ལ་བརྟེན་ནས་ཤིང་སོན་གདམ་གསེས་དང་ས་རྒྱུ་ལེགས་སུ་གཏོང་བ་སོགས་ཀྱི་ལས་ཀའི་ལས་ཕྱོད་ཆེས་ཆེར་མཐོ་རུ་གཏོང་བ་བཅས་ཀྱི་ཁྲོད་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཇུས་འགོད་ཞིབ་ཚགས་དང་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་པ་དང་། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ཡུལ་བབ་དང་བསྟུན་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་ལས་དོན་སྤེལ་ཡོད།

    འདི་ནི་སྐྱེ་ཁམས་དམངས་ཕྱུག་མངོན་འགྱུར་བྱེད་པའི་ས་མཐོའི་རྒྱུགས་ལན་ཞིག་ཡིན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་སྐྱེ་ཁམས་དང་འབབ་འཕར་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་སྔོ་ལྗང་མང་དུ་གཏོང་བ་དང་འཕེལ་རྒྱས་གཉིས་ཁེ་མངོན་འགྱུར་བྱས་ཏེ། “སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་ཁེ། སྐྱེ་ཁམས་དམངས་ཆེད”བཅས་ཀྱི་རིན་ཐང་གི་ཕྱོགས་སྟོན་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་སྐྱེ་ཁམས་སྲུང་སྐྱོང་བྱས་པ་བརྒྱུད་ཁྱིམ་གཞིས་མཛེས་སྡུག་ལྡན་པར་གྱུར་པ་མ་ཟད། ཡོང་འབབ་འཕར་ཏེ་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཕྱིན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོང་དང་ཁྱིམ་གཞིས་ལ་གཅེས་སྐྱོང་བྱེད་པའི་འགན་འཁྲིའི་བསམ་པའང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    འདི་ནི་སྐྱེ་ཁམས་སྔོན་འཇོག་མཐའ་འཁྱོངས་བྱེད་པའི་བློ་འབྱེད་ཟབ་མོ་ཞིག་རེད། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་མངགས་བཅོལ་ཟབ་མོ་ཞིག ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་དོར་ཐབས་མེད་པའི་གཟི་བརྗིད་ལས་འགན་བཅས་ཡིན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་མཐོང་ཆེན་བྱེད་ཚད་མཐོ་བ་དང་། ཁྱབ་རྒྱ་ཆེ་བ། ཞུགས་མཁན་མང་བ། འཆར་འགོད་ཀྱི་དུས་ཡུན་རིང་བ་བཅས་ནི་བོད་ཀྱི་ནགས་ལས་སྐྱེ་ཁམས་འཛུགས་སྐྱོང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ལ། གྲུབ་འབྲས་ཐོབ་པའི་ལག་ལེན་གྱིས་འཛམ་གླིང་གི་ས་བབ་མཐོ་བའི་རི་རྒོད་ནགས་བཟོར“བོད་ཀྱི་ཉམས་མྱོང”རྩ་ཆེན་མཁོ་འདོན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་དུས་རབས་ཀྱི་ལས་འགན་ལྕི་པོ་བརྟན་པོ་འཁུར་རྒྱུར་དོན་དངོས་ཀྱི་དཔེ་མཚོན་ཡང་མཁོ་འདོན་བྱས་ཡོད། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར། བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དེ་ཡང་སྐྱེ་ཁམས་ཡིན་པ་བཅས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ཚེ། གཞི་ནས“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་ཐུབ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཆེད་བོད་ཀྱི་འགན་འཁྲི་ལེགས་སྐྱེས་འབུལ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།