དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་ཁ་སྔོ་འགྱུར་བྱས་པའི་གངས་ལྗོངས་ཀྱི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    འདི་ནི་ལྷ་སའི་ལྷོ་རིའི་སྤྱི་གླིང་ནས་ལྷ་ས་གྲོང་ཁུལ་ལ་རྒྱང་ལྟ་བྱེད་པ།

    2021ལོར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་ཤིང་། ས་བབ་སྨི་3600ནས་སྨི་4100བར་དང་། གཟར་ཚད་ཏུའུ་0ནས་ཏུའུ་63བར། རི་ཁའི་རྡོ་ཧྲུག་འདུས་ཚད་60%ནས་70%ཟིན་པའི་ས་མཐོའི་སྐྱ་ཐེར་རི་ཁར་ལྗོན་ཤིང་བཙུགས་པས། དེ་ནི་ལྗོན་ཤིང་ལ་ཚོད་བགམ་བྱས་པ་ཞིག་ཡིན་ལ་དེ་བས་ཀྱང་མི་རྣམས་ལ་འགྲན་སློང་བྱས་པ་ཞིག་རེད།

    ལོ་4ཡི་རིང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་110.87བྱས་པ་དང་ཤིང་སོན་རྐང་དུང་ཕྱུར་1.25བཙུགས་ཏེ་གསོན་ཚད་85%ལྷག་ཟིན་པ་སོགས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་པ་རྣམས་ཀྱིས་རྒྱུགས་ལན་ཡག་པོ་ཞིག་བཏབ་པ་རེད།

    “བོད་དུ་ང་རང་གིས་མཛེས་ཤིང་བརྗིད་ཆགས་པའི་སྐྱེ་ཁམས་ཀྱི་ལག་ལེན་ཞིག་མཐོང་བྱུང……”ཞེས་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སུ་ཀྲུང་གོར་བཅའ་སྡོད་ཐི་མོར་ཤར་མའི་གཞུང་ཚབ་ཆེ་མོ་བ་ལུའོ་རུའེ་ཡིས་བརྗོད་ཅིང་། ཁོང་གིས“བོད་ཀྱི་ད་ཆ་ནི་དཔའ་སྟོབས་དང་། བློ་གྲོས། དྲོ་སྐྱིད་བཅས་ལྡན་པའི་འབད་བརྩོན་གྱི་ལོ་རྒྱུས་སྙན་ངག་ཅིག་རེད”ཅེས་བརྗོད།

    “དཔྱིད་ཀར་མེ་ཏོག་ཡོད་པ་དང་། དབྱར་ཁར་བསིལ་གྲིབ་ཡོད་པ། སྟོན་ཀར་བཀྲག་མདངས་ཡོད་པ། དགུན་ཁར་སྔོ་ལྗང་ཡོད་པ”བཅས་ཀྱི་བསམ་འདུན་དེ་ས་མཐོའི་ཡུལ་ལུང་དུ་རིམ་གྱིས་མངོན་སྐབས། མི་རྣམས་ཀྱིས་དེའི་ཁྲོད་ནས་བསམ་བློའི་སྟོབས་ཤུགས་དང་། འབད་བརྩོན་གྱི་རིན་ཐང་། མི་དམངས་ཀྱི་འཇོན་ཐང་བཅས་རྟོགས་པར་བྱེད།

    བསམ་བློའི་སྟོབས་ཤུགས་ཏེ།

    འཛམ་གླིང་གི་དཀའ་གནད་བསལ་ནས་ལྗང་མདོག་གི་ངོ་མཚར་གཏོད་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་མཆོག་གླིང་གྲོང་ཚོའི་སྒྲོལ་མས་རྟག་ཏུ་བུམ་པ་རིའི་ཕྱོགས་སུ་རྒྱང་ལྟ་བྱེད་ཀྱིན“པཱ་ལགས་ཀྱིས་སྔོན་ཆད་བཙུགས་པའི་ལྗོན་ཤིང་ཚང་མ་གསོན་འདུག ཐ་ན་རང་བྱུང་གི་ལྕང་གསར་མང་པོ་འཚར་འདུག ཕངས་པ་ཞིག་ལ་ཁོང་གིས་དེ་དག་ལ་བལྟ་རྒྱུའི་དུས་ཚོད་རིང་པོ་བྱུང་མ་སོང”ཞེས་ཆིག་ལབ་རྒྱག་གི་ཡོད།

    ཁོང་གི་ཕངས་སེམས་ཀྱི་ཆིག་ལབ་དེ་ནི་ཁྱིམ་ཚང་ཞིག་གི་བློ་འགྱོད་ཡིན་ལ། དེ་ལས་སྔོ་ལྗང་རྩི་ཤིང་ལ་བཅངས་པའི་ལྷ་སའི་མི་དམངས་ཀྱི་རེ་འདུན་ཡང་མཚོན།

    “བྱེ་རླུང་ལྡང་སྐབས། ཁྲོམ་གཞུང་ཡོངས་སུ་ས་རྡུལ་འཚུབ་ཀྱི་ཡོད” དགུན་དཔྱིད་ཀྱི་དུས་ཚིགས་ལ་རླུང་དམར་ལྡང་ནས་ཉི་མའང་བསྒྲིབས་པ་དང་ཉིན་མོར་ཡང་གློག་སྒྲོན་སྤར་དགོས་པའི་གནས་ཚུལ་དེ་དག་མི་རྣམས་ཀྱི་སེམས་སུ་ཡང་ཡང་འཁོར།

    སྐྱེ་ཁམས་ཉམས་ཞན་ཁུལ་དུ་གཞི་ཁྱོན་ཆེན་པོའི་སྒོ་ནས་ལྗོན་ཤིང་འཛུགས་དགོས་ན། ཚན་རིག་དང་མཐུན་པའི་བྱ་ཐབས་དང་བློ་སྟོབས་བརྟན་པོ་གཉིས་ཀ་མེད་དུ་མི་རུང་།

    དུས་རབས་གསར་པ་ཤར་ཚུན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ནི་ཏང་ཡོངས་དང་། རྒྱལ་ཡོངས། མི་རིགས་ཁག་གི་མི་དམངས་བཅས་ལ་སྣེ་ཁྲིད་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བསམ་བློའི་དར་ཆ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཏན་འཁྱོངས་འཕེལ་རྒྱས་ཀྱི་མཐོ་ཚད་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཆེད་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་གནང་བ་རེད།

    ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་ལྷག་བསམ་ཟོལ་མེད་ཀྱི་མངགས་བཅོལ་ལས་རི་ཀླུང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་རྒྱུན་འཛིན་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་གངས་ལྗོངས་ས་མཐོའི་སྲོག་ཆགས་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་གང་ལེགས་བྱས་པ་རེད།

    2012ལོའི་ས་བབ་མཐོ་བའི་ཤིང་འཛུགས་ནགས་བཟོའི་ཚོད་ལྟ་དེ་ལྷ་སའི་ལྷོ་རིར་བྱེད་འགོ་ཚུགས་ཤིང་། 2015ལོར“སྔོ་ལྗང་གྲོང་སྐོར”ལས་གྲྭ་རིམ་གྱིས་ལག་བསྟར་བྱས་པ་དང་། 2018ལོར་ལྷོ་རི་དང་རྒྱང་ཐག་རིང་བའི་བྱང་རིར་ཡང་སྔོ་འགྱུར་ལས་ཀ་སྒྲུབ་འགོ་བརྩམས་པ་རེད།

    2020ལོར་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར168ཀྱི་ནང་ནས་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཨང་རིམ་བདུན་པར་སླེབས་ཤིང་། དེ་རྗེས་ཀྱི་ལོ་གསུམ་རིང་བསྟུད་མར་ཨང་བཞི་པར་རྒྱུན་འཁྱོངས་ཐུབ་པ་དང་། 2024ལོའི་ཟླ་7པར་ཨང་གཉིས་པར་འཕར་བ་རེད།

    “འཛམ་གླིང་ཡང་རྩེ”རུ་གཞི་ཁྱོན་ཆེན་པོའི་སྒོ་ནས་ལྗོན་ཤིང་འཛུགས་པ་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་རེད།

    ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ས་བབ་མཐོ་བའི་རྒྱལ་ཁབ་ས་ཆའི་སྔོ་འགྱུར་བྱ་སྤྱོད་དེ་ཐོག་ནས་ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་དང་། སྐུལ་སློང་ནུས་པ་ཆེན་པོ། ཚན་རྩལ་གྱི་ཆུ་ཚད་བཅས་མངོན་པ་དང་། དེ་ལས་ཀྱང་ལེགས་གྲུབ་བྱུང་བའི་ལག་ལེན་གྱིས་འཛམ་གླིང་གི་ས་བབ་མཐོ་བའི་རི་རྒོད་དུ་ལྗོན་ཤིང་འཛུགས་པར“བོད་ཀྱི་ཉམས་མྱོང”རྩ་ཆེན་མཁོ་འདོན་བྱས་ཤིང་། ཀྲུང་གོ་ཉིད་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཉམ་ཞུགས་པ་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་བྱེད་མཁན་བཅས་གལ་ཆེན་ཡིན་པའི་ངོས་ནས་འགན་འཁྲི་དང་ལས་འགན་ཡང་མངོན་པར་བྱས་ཡོད།

    འབད་འཐབ་ཀྱི་རིན་ཐང་སྟེ།

    ནགས་ཚལ་བསྐྲུན་པ་མ་ཟད། སྙིང་སྟོབས་དེ་བས་བཏོད་པ།

    དཀའ་སྤྱད་ལས་ལ་གཞོལ་ན་འབྲས་བུ་གཡུར་དུ་ཟ། ཁོང་ཚོས་འབད་འཐབ་ཀྱི་རིན་ཐང་ལ་ཡིད་ཆེས་བྱེད་པ་དང་། དངོས་སྒྲུབ་ཀྱི་གནས་ལུགས་གསལ་པོ་ཤེས་པས། བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ས་མཐོའི་ཐོག་མཛེས་སྡུག་ལྡན་པའི་ལྗང་མདོག་གི་གླུ་དབྱངས་ཤིག་བརྩམས་ཡོད།

    རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལྗོངས་ཕྱི་ནང་གི་ཚན་རྩལ་འགག་སྒྲོལ་ཚོགས་པར་སྤྱི་འདོམས་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་ཚན་རྩལ་ལ་བརྟེན་ནས་མཐུན་རྐྱེན་སྦྱར་ཏེ་ས་མཐོའི་སྐྱེ་ཁམས་བཅོས་སྐྱོང་ཐད་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི“བོད་ཀྱི་ཇུས་གཞི”ཆ་ཚང་ཞིག་འཚོལ་ཞིབ་བྱས་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཏིང་ཟབ་སྤེལ་བ་དང་ཆབས་ཅིག རིག་ནུས་ཅན་གྱི་ཆུ་འདྲེན་གྲོན་ཆུང་མ་ལག་ནང་འདྲེན་བྱས་པས་ཆུའི་ཐོན་ཁུངས་གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་བེད་སྤྱོད་སྔར་བས་མངོན་འགྱུར་བྱུང་བ་དང་། ཆུ་དྲངས་དྲགས་ནས་ས་རྒྱུའི་གྲུབ་ཆར་གཏོར་བཤིག་ཐེབས་པའི་གནས་ཚུལ་སྔོན་འགོག་ཐུབ་ཡོད། དེ་སྔའི“གསེར་ས”དང“གསེར་ཆུའི”དཀའ་ངལ་དག་བརྒྱུད་རིམ་རང་བཞིན་གྱི་ལས་གྲྭའི་བྱེད་ཐབས་དང་ཚན་རྩལ་གྱི་འདེགས་སྐྱོར་འོག་རེ་རེ་བཞིན་ཁྱད་བསད་ཐུབ་ཡོད།

    ས་མཐོའི་ཤིང་འཛུགས་ནགས་བཟོ་ནི་དུས་ཚོད་དང་འགྲན་རྒྱུག་བྱེད་པ་ཞིག་ཡིན་ལ། ཡང་རྒྱུག་མཐུད་འགྲན་བསྡུར་ཞིག་ཀྱང་ཡིན། ལས་འགན་གྱི་རྒྱུག་མཐུད་དབྱུག་པ་མི་རབས་ནས་མི་རབས་ཀྱི་ལག་ཏུ་བརྒྱུད་སྤྲོད་བྱེད་ཀྱི་ཡོད།

    2020ལོར། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་དབང་འདུས་རྒན་ཡོལ་ཞུས་མོད། རྒན་ཡོལ་ཞུས་ནས་ཟླ་བ་གཅིག་གི་རྗེས་ལ་སླར་ཡང་ལས་ཀར་ཡོང་། ལོ་ངོ་30ལྷག་ཙམ་རིང་ལས་ཀ་དེ་བྱེད་མྱོང་བའི་ཁོང་སླར་ཡང་ལས་གནས་སུ་ཞུགས་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའུ་གཞུང་ལས་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུང་ཀྲང་དང་ཤིང་འཛུགས་ནགས་བཟོའི་ལག་རྩལ་བློ་འདྲི་བའི་འགན་འཁུར་གྱི་ཡོད།

    “ཤིང་འཛུགས་ནི་ལོ་བརྒྱའི་ཇུས་ཆེན་ཞིག་དང་། མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་པའི་བྱ་བ་ཞིག་ཡིན་པས། ངེས་པར་དུ་འཆར་གཞི་ཡག་པོ་བཏིང་ནས་མི་རབས་ནས་མི་རབས་བར་མུ་མཐུད་ཡག་པོ་སྒྲུབ་དགོས”ཞེས་བསོད་ནམས་དབང་འདུས་ཀྱིས་བབ་ཆགས་ཤིང་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།

    ནགས་བཟོ་བྱེད་པ་ནི་ལས་སླ་མོ་ཞིག་མིན་པ་དང་གཡོག་བྱེད་བྱ་རྒྱུ་ནི་དེ་བས་ཀྱང་དཀའ་ཚེགས་ཆེན་པོ་རེད། གསོན་ཚད་དེ་མཐའ་མཇུག་གི་དཔྱད་ཞིབ་དམིགས་ཚད་དུ་གྱུར་ཏེ“ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནགས་བཟོ་གསོན་ཚད་ཉུང་མཐར་ཡང་85%ཟིན་པ”དེ་ཚད་གཞིར་གྱུར་ཡོད། “ཆུ་བེད་སྔོན་འཇོག་དང་ཆུས་ལྗང་མདོག་གཏན་འཁེལ་བྱེད་པའི”བསམ་ཕྱོགས་གཞིར་བཟུང་། ལྷོ་རི་བྱང་རིའི་ལྗང་མདོག་ལས་གྲྭས་འཕྲུལ་ཁྲོན་76དང་། ཆུ་འཐེན་འཕྲུལ་འཁོར་ས་ཚིགས་279 ཆུ་མཛོད་1679བསྐྲུན་པ་དང་། ཆུ་འདྲེན་སྦུབས་ལམ་སྨི་ཁྲི་400ལྷག་ཙམ་བཏིང་པ། ཆེད་དོན་གཡོག་བྱེད་བྱེད་མཁན་6000ལྷག་ཙམ་བཀོད་སྒྲིག་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཆུ་འདྲེན་དང་། ལུད་རྒྱག ནད་འབུའི་འགོག་བཅོས། ནགས་ཚལ་མེ་ཟོན་སོགས་དོ་དམ་སྲུང་སྐྱོང་གི་ལས་ཀ་ལེགས་པར་བསྒྲུབས་ཡོད། སྣེའུ་ཕུག་ལམ་དང་། བྱ་དཀར་ཕུག་ལམ། ཐང་སྟོད་ཕུག་ལམ། ལྷ་ཀླུ་འདམ་ར་སོགས་ས་བབ་ཆ་རྐྱེན་ཅུང་ལེགས་པའི་ཁུལ་དུ་ལྗོན་ཤིང་གསོན་ཚད་90%ཡན་ཟིན་ཡོད།

    མི་དམངས་ཀྱི་སྟོབས་ཤུགས།

    སྐྱེ་ཁམས་དང་འབབ་འཕར“མཉམ་འཕེལ”དང་དེ་བཞིན་སྔོ་སྐྱེད་དང་འཕེལ་རྒྱས“གཉིས་ཕན”མངོན་འགྱུར་ནུས་ལྡན་བྱུང་བ།

    ཤིང་འཛུགས་ནི་ཕྱུག་པོའི་ལམ་དུ་བསྐྱོད་པ་དང་། ནགས་བཟོ་ནི་བདེ་སྐྱིད་ལམ་བུར་བསྐྱོད་པ་ཞིག་ཡིན། དམངས་ཆེད་ཤིང་འཛུགས་ནགས་བཟོ་བྱེད་པར་མི་དམངས་ལ་དེ་བས་བརྟེན་དགོས།

    སྟོད་ལུང་བདེ་ཆེན་ཆུས་ཀྱི་མང་ཚོགས་ཚེ་རིང་རྡོ་རྗེས་སྔོན་ཆད་ལྷ་ས་གྲོང་ཁྱེར་སྟོང་ལུང་བདེ་ཆེན་ཆུས་ཀྱི་ཉེ་འཁོར་དུ་གླ་པ་བརྒྱུགས་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ལྟ། ཁོང་ཆེད་ལས་ཀྱི་ཤིང་འཛུགས་མཁན་ཞིག་ཏུ་གྱུར་ཡོད།

    ད་ལོ་ལོ་42ལ་སླེབས་པའི་སྐལ་བཟང་སྒྲོལ་དཀར་ནི་སྣེའུ་ཕུག་ལམ་ཡུག་ཁུལ་གྱི་འགན་འཁུར་བ་ཞིག་ཡིན། ཁོང་མཐོ་རིམ་སློབ་འབྲིང་ཐོན་རྗེས་རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཤིང་སོན་རྟེན་གཞིར་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ལོ་མང་རིང་ནགས་ལས་ཤེས་བྱ་སློབ་སྦྱོང་དང་ཤིང་འཛུགས་ནགས་བཟོའི་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད་ཁོང་ཤིང་འཛུགས་ནགས་བཟོའི་ལག་རྩལ་མཛུབ་ཁྲིད་པར་གྱུར་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ངལ་ནུས་འདུས་ཆེའི་ལས་གྲྭ་ཞིག་ཡིན་ལ་ཞིང་འབྲོག་པ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་ཕན་སྦྱར་ལས་གྲྭ་ཞིག་ཀྱང་ཡིན། མིག་སྔའི་བར། ལས་གྲྭ་དེར་ངལ་ལས་བཀོལ་སྤྱོད་མི་ཐེངས་ཁྲི་970ཟིན་ནས་ཡོང་འབབ་སྒོར་དུང་ཕྱུར་31འཕར་བར་སྐུལ་ཁྲིད་བྱས་པར་བརྟེན། སྐྱེ་ཁམས་དང་འབབ་འཕར“མཉམ་འཕེལ”དང་དེ་བཞིན་སྔོ་སྐྱེད་དང་འཕེལ་རྒྱས“གཉིས་ཕན”མངོན་འགྱུར་ནུས་ལྡན་བྱུང་ཡོད།

    ཡུལ་ལུང་དེ་གར་བཙུགས་པ་ནི་སྡོང་ཕྲུག་ཙམ་མིན་པར་རེ་བ་དེ་བས་ཀྱང་རེད། མི་རྣམས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པ་ནི། རྩི་ཤིང་ཇེ་མང་དུ་སོང་ནས་སྐྱེ་ཁམས་ཀྱི་ཁེ་བཟང་རྒྱུན་མཐུད་འཕར་བ་དེ་རེད།

    མིག་སྔར། ལྷ་ས་གྲོང་ཁྱེར་ལ་ནགས་རྩྭའི་ས་བོན་ཐོན་སྐྱེད་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་ལྡན་པའི་ཤིང་སོན་རྟེན་གཞི་ཁྱོན་94ཡོད་པ་དང་སྡོང་ཕྲུག་གསོ་སྤེལ་རྒྱ་ཁྱོན་མུའུ་ཁྲི་2.1ཟིན་ཡོད། གཞུང་ཁོངས་ཀྱི་འགན་སྲུང་རང་བཞིན་གྱི་ཤིང་སོན་ར་བ་21བསྐྲུན་ནས་ཡུལ་དེ་གའི་མང་ཚོགས་བསྡུས་ཏེ་འགན་སྲུང་རང་བཞིན་གྱི་ཤིང་སོན་ར་བ་འཛུགས་སྐྲུན་དང་། གཡོག་བྱེད། སྡོང་ཕྲུག་གསོ་སྤེལ་སོགས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་ཤིང་། 2024ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་ལྷོ་རི་བྱང་རིའི་ཤིང་འཛུགས་སྔོ་འགྱུར་ཆེད་སྡོང་ཕྲུག་ཁྲི་3000ལྷག་མཁོ་འདོན་བྱས་པ་དང་། རིམ་རྩིས་བརྒྱབ་ན་ངལ་ལས་མི་ཐེངས་ཁྲི་44བཏང་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་8661.9འཕར་བར་སྐུལ་ཁྲིད་བྱས་པ་རེད།

    ལྗོན་ཤིང་ཇི་ཙམ་བཙུགས་ན་དེ་ཙམ་གྱིས་མང་དུ་འགྲོ་བ་དང་། ལམ་དུ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་སུ་འགྲོ་ཡི་ཡོད།

    རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག མི་དམངས་མང་ཚོགས་ལ་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་བཟང་པོ་མཉམ་སྤྱོད་བྱེད་དུ་འཇུག་པའི་དུས་མཚུངས་སུ། སྐྱེ་ཁམས་འཛུགས་སྐྱོང་གི་ཁྲོད་སྐྱེ་ཁམས་ཀྱི་ཡོང་འབབ་རག་པ་དང་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐུབ་པ་མ་ཟད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཡང་སྒུལ་ཤུགས་དང་གསོན་ཤུགས་ཀྱང་རྒྱུན་ཆད་མེད་པར་འཕེལ་ཡོད། “ལྷོ་བྱང་རི་བོར་སྔོ་ལྗང་གོས་བཟང་བཀླུབས། གནའ་བོའི་གྲོང་ཁྱེར་དྭངས་གཙང་ཆུ་མོས་བསྐོར་བའི”ས་མཐོའི་གནས་འཕྲོད་གྲོང་ཁྱེར་གྱི་ཉམས་བཟང་ཡང་མངོན་སུམ་འཚོ་བའི་ནང་མཐོང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།